封面与目录^p1
སློབ་མའི་བསླབ་བྱ།^p4
ལིས་ཡེ་ཤོས་ཀྱིས་བརྩམས།^p5
མཁན་པོ་བསོད་དར་རྒྱས་ཀྱིས་བསྒྱུར།^p6
སྔོན་དུ་འགྲོ་བའི་གཏམ།^p7
སློབ་མའི་བསླབ་བྱ་འདི་ནི་ཆིན་རྒྱལ་རབས་ཀྱི་ཁང་ཤིས་རྒྱལ་པོའི་རིང་གི་སྙན་གྲགས་ཅན་གྱི་སློབ་གསོ་པ་ཆེན་པོ་ལིས་ཡེ་ཤོས་ཀྱིས་ཁུང་ཙི་སོགས་རུའུ་ཆོས་ཀྱི་བསླབ་བྱ་མང་པོ་ཕྱོགས་གཅིག་ཏུ་བསྡུས་ཏེ་བརྩམས་པ་ཡིན། སྔོན་རྒྱ་ནག་གི་ལོ་རྒྱུས་ཐོག་མི་རྣམས་འདི་དག་མི་ཤེས་པ་མེད་པ་ལྟ་བུ་ཡིན་ཡང་། ཕྱིས་སུ་རིག་གསར་གྱི་སྐབས་སློབ་གསོའི་བསྒྱུར་བཅོས་བྱས་ཏེ་ལིན་དགག་ཁུང་དགག་གི་འགུལ་བསྐྱོད་དྲག་པོ་སྤེལ་ནས་རང་གི་སྲོལ་རྒྱུན་རྩ་བ་ནས་བརླག་པར་བྱས། དེང་སང་ཤེས་ལྡན་མང་པོས་རང་གི་རིན་ཐང་ཅན་གྱི་རིག་གནས་གཞན་གྱིས་བེད་སྤྱོད་བྱེད་པ་དང་། རང་ཉིད་ནུབ་ཕྱོགས་ཀྱི་གད་སྙིགས་རིག་པ་ཙམ་ལ་ཡིད་རྟོན་པའི་ཉམ་ཐག་པའི་གནས་ཚུལ་མཐོང་སྟེ་བློ་ཐབས་སྣ་ཚོགས་ཀྱིས་བསྐྱར་གསོའི་བྱ་འགུལ་རྩོམ་གྱིན་ཡོད་ཀྱང་ཤི་ལ་ཐུག་པའི་ནད་པ་ཚབས་ཆེན་མྱུར་དུ་སོས་མི་ཐུབ་པ་བཞིན་གནས་སྐབས་དཀའ་བར་སྣང་ངོ་། །ཡིན་ན་ཡང་ད་སྐབས་འཇར་པན་དང་། ལྷོ་ཁོ་རེ་ཡ། སིང་གྷ་ཕོར་རྒྱལ་ཁབ་སོགས་ཀྱི་སློབ་གྲྭ་དང་ཁེ་ལས་ཚོགས་པ་གཙོས་མི་ཁྲི་ཕྲག་མང་པོས་འདི་ཉིད་སློབ་སྦྱོང་དང་ལག་བསྟར་བྱས་ཏེ་གྲུབ་འབྲས་ཆེན་པོ་ཐོབ་པར་བཤད། མ་ཟད་གསར་ཤོག་འགར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་སློབ་མའི་བསླབ་བྱ་འདི་དབྱིན་ཇི་དང་། ཧྥ་རན་སི། ཨུ་རུ་སུ། སི་ཕེན། ཨ་རབ་བཅས་ཀྱི་ཡི་གེར་བསྒྱུར་ཏེ་སློབ་དགོས་པའི་འབོད་བསྐུལ་བཏང་བར་བཤད། རུའུ་ཆོས་ཀྱི་གཞུང་འདི་དག་དང་། ཡེ་ཤུའི་ཆོས་ལུགས་ཀྱི་ལྷ་ཆེམས་ཞེས་པ་དང་། ཏའོ་ཆོས་ཀྱི་སྤྱོད་ལམ་བསྟན་པའི་མདོ་རྣམས་ལ་ཞིབ་ཏུ་བལྟས་ན་དེ་དག་གི་ནང་དོན་ལེགས་ཆ་ཐམས་ཅད་ནང་པའི་ལུགས་ཀྱི་བསྟན་བཅོས་དང་ལེགས་བཤད་སོགས་ཀྱི་ཆ་ཤས་སུ་འཁུམས་ཀྱང་འཛམ་གླིང་མི་དུང་ཕྱུར་མང་པོས་དད་ཅིང་ཉམས་ལེན་བྱེད་ཀྱིན་ཡོད། ལྷག་པར་དུ་རུའུ་ཆོས་ཀྱི་འགྲོ་བ་མིའི་རིགས་ཐམས་ཅད་ལ་ཕན་པར་བཤད་དེ། ༡༩༨༨ལོར་ཧྥ་རན་སིའི་རྒྱལ་ས་ཕེ་རིས་ནས་ཧན་ནི་སུ་ཨར་ཝེན་སོགས་ནོ་པེར་བྱ་དགའ་ཐོབ་མཁན་མི་བདུན་ཅུ་དོན་ལྔ་ཙམ་ཚོགས་ཏེ། ཕེ་རིས་བསྒྲགས་གཏམ་ཞེས་པའི་ནང་དུ་འགྲོ་བ་མིའི་རིགས་ཐམས་ཅད་དུས་རབས་ཉེར་གཅིག་པའི་ནང་དུ་འཚོ་བར་བྱེད་པ་ལ་ངེས་པར་དུ་ལོ་༢༥༠༠སྔོན་དུ་སོང་ནས་ཁུང་ཙིའི་བསམ་བློའམ་ཤེས་རབ་འཚོལ་སྡུད་བྱེད་དགོས་ཞེས་བཤད། ཁུང་ཙི་ནི་མཁས་པ་འགའ་རེས་ཀོང་ཙེ་འཕྲུལ་རྒྱལ་ཡིན་པར་ཡང་གསུངས། གང་ལྟར་ཡང་གཞུང་འདིར་ཐེག་ཆེན་ནས་བཤད་པའི་ལྟ་སྒོམ་ཟབ་མོ་སོགས་མེད་པར་མ་ཟད། ཚེ་སྔ་ཕྱི་ལས་རྒྱུ་འབྲས་ལྟ་བུའི་འཇིག་རྟེན་ཡང་དག་གི་ལྟ་བ་ཙམ་ཡང་མེད་མོད། སྤྱིར་འཚོ་བའི་རྒྱུན་ཤེས་ཀྱི་སྤྱོད་ལམ་མང་པོ་ཞིག་ཞིབ་གསལ་གྱི་སྒོ་ནས་གསུངས་པས། ད་ལན་རྒྱ་ནག་ཏུ་ཡོད་པའི་རྩ་འགྲེལ་མང་པོར་གཏུགས་ཏེ་བོད་སྐད་དུ་བསྒྱུར་བ་ཡིན། མོས་ལྡན་འགའ་ལ་གཞན་གྱི་རིག་པ་ལས་ངེས་ཤེས་གསར་བ་རེ་སྐྱེ་ན་ཡང་མི་ཆོག་པ་མེད་སྙམ་སྟེ། བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་ཞལ་ནས། གཟིགས་པར་དགོངས་རྣམས་ཅི་ནས་གཟིགས་མཛོད་དང་། །ལོ་རྒྱུས་རྙིང་བས་ངེས་ཤེས་གསར་བ་སྐྱེ། །གཟིགས་མ་དགོངས་ན་ཨུ་ཚུགས་ཅི་སྟེ་ཞུ། །ཀུན་ལ་བྲིན་སྙམ་རེ་བའང་བདག་ལ་མེད། །ཅེས་གསུངས་པ་ལྟར་རོ། །^p8
སྒྱུར་བ་པོས་སྤྱི་ལོ་༢༠༡༠ཟླ་༣ཚེས་༥ལའོ། །^p9
མགོ་བརྗོད།^p10
སློབ་མའམ་བྱིས་པ་རྣམས་ཀྱིས་བསླབ་པར་བྱ་བའི་ལུགས་སྲོལ་བརྗོད་པའི་གཞུང་འདི་ཆིན་རྒྱལ་རབས་ཀྱི་གོང་མ་ཁང་ཤིས་རྒྱལ་པོའི་དུས་ཏེ། སྤྱི་ལོ་༡༦༦༢ལོ་ནས་༡༧༢༢ལོའི་བར་དུ་བྱུང་བའི་རྒྱ་ནག་གི་སྙན་གྲགས་ཅན་གྱི་མཁས་པ་དང་སློབ་གསོ་པ་ལིས་ཡེ་ཤོས་ཞེས་པས་བརྩམས་ཤིང་། བརྗོད་བྱ་ནི་སློབ་མའམ་བྱིས་པ་རྣམས་ཁྱིམ་དུ་སྡོད་པ་དང་ཕྱི་རོལ་ཏུ་འགྲོ་བའི་གནས་སྐབས་སོགས་སུ་བསྒྲུབ་པར་བྱ་དགོས་པའི་ཡ་རབས་ཀྱི་ལུགས་སྲོལ་བཟང་པོ་རྣམས་ཡིན་ལ། རྗོད་བྱེད་དོན་ཚན་བདུན་དུ་ཕྱེ་ནས་སྟོན་པར་བྱེད། གཞུང་འདི་ཆིན་རྒྱལ་རབས་ནས་བཟུང་དུས་རབས་ཉི་ཤུ་པའི་འགོ་ཙམ་གྱི་བར་དུ་རྒྱ་ནག་ན་བྱིས་པ་རྣམས་ཀྱི་བློ་སྒོ་འབྱེད་པའི་བསླབ་གཞི་བཟང་ཤོས་ཤིག་ཏུ་བྱེད། དུས་རབས་ཉི་ཤུ་པའི་དཀྱིལ་དང་སྨད་དུ་རྒྱ་ནག་རང་གི་སྲོལ་རྒྱུན་གྱི་རིག་གནས་ཐམས་ཅད་རང་གིས་རྩ་གཏོར་བྱས་པས་འཆད་ཉན་བྱེད་མཁན་མེད་པར་གྱུར། ད་ལྟ་སླར་ཡང་སྲོལ་རྒྱུན་གྱི་རིག་གནས་དེ་རྣམས་དེང་རབས་ཀྱི་སྤྱི་ཚོགས་འདི་ལ་ཤིན་ཏུ་མཁོ་བར་མཐོང་ནས་ཁྱབ་སྤེལ་བྱེད་བཞིན་པ་ལགས་སོ། །ད་ལན་བོད་ཀྱི་ལོ་ཙཱ་བ་མཁན་པོ་བསོད་དར་རྒྱས་ཀྱིས་གཞུང་འདི་བོད་ཡིག་ཏུ་བསྒྱུར་པར་མ་ཟད་ཚིག་འགྲེལ་ཉུང་ངུ་ཞིག་ཀྱང་མཛད་འདུག་པས་ཁ་གསལ་དོན་འདུས་སུ་སོང་ནས་འཆད་ཉན་སྟབས་བདེ་བར་འདུག བརྗོད་བྱ་འདི་རྣམས་རང་རེའི་རིག་གཞུང་གི་ཁྲོད་ན་ཡ་རབས་ཀྱི་ལུགས་སྲོལ་སྟོན་པའི་བསྟན་བཅོས་ཤིན་ཏུ་མང་པོ་ཡོད་པ་རྣམས་ཀྱི་ནང་དུ་མ་འདུས་པ་མི་འདུག་མོད། འོན་ཀྱང་འདི་སློབ་མའམ་བྱིས་པ་རྣམས་ལ་ཆེད་དུ་དམིགས་ནས་གདམས་པ་ཡིན་པས་དེ་རྣམས་ལ་དགོས་པ་དམིགས་བསལ་བ་ཡོད་པས་སློབ་སྦྱོང་བྱས་ན་ལེགས་ཤིང་། གཞན་གྱི་རིག་གནས་ཀྱི་ལེགས་ཆ་ལེན་པ་ནི་རང་ཡར་རྒྱས་སུ་འགྲོ་བའི་ཐབས་ཡིན་པས་འདིར་རྗེས་སུ་ཡི་རང་ཞུ་བ་ཡིན་ནོ། །སྤྱིར་མི་རིགས་གང་ཞིག་ཡིན་ཡང་རུང་དེའི་མདུན་ལམ་དེ་བུ་ཕྲུག་ཚོ་ཆུང་ངུའི་དུས་ནས་ཡ་རབས་ཀྱི་ལུགས་སྲོལ་བཟང་པོ་ལ་གོམས་པ་དང་རིག་པའི་གནས་ལ་སྦྱང་དུ་འཇུག་པའི་སློབ་གསོ་འདི་ཁོ་ན་ལ་རག་ལས་ཡོད་པས་མེད་ཐབས་གཏན་ནས་མེད་པ་ཞིག་ཡིན། དེས་ན་སློབ་གྲྭའི་དགེ་རྒན་དང་ཕ་མ་སོགས་ཀྱིས་འདིའི་ཕྱོགས་ལ་སེམས་ཁུར་དང་འབད་པ་ནམ་ཡང་མི་ལྷོད་པ་ཞིག་གལ་ཆེའོ། །^p11
བོད་རབ་རྒྱན་ལྕགས་སྟག་ལོའི་དགུན་ཟླ་བའི་ཚེས་༡༥ཉིན་གྲོང་ཁྱེར་པདྨ་ཅན་དུ་ཚུལ་ཁྲིམས་བློ་གྲོས་ཀྱིས་སྨྲས་པའོ། །^p12
དཀར་ཆག^p13
སློབ་མའི་བསླབ་བྱའི་འགྲེལ་བཤད།^p15
དང་པོ། ནང་དུ་ཕ་མར་སྲི་ཞུའི་སྐོར།^p17
གཉིས་པ། རྒན་ལ་གུས་བཀུར་གྱི་སྐོར།^p18
གསུམ་པ། བག་ཡོད་ཚུལ་མཐུན་གྱི་སྐོར།^p19
བཞི་པ། ཡིད་རྟོན་དྲང་བདེན་གྱི་སྐོར།^p20
ལྔ་པ། ཀུན་ལ་བྱམས་སྐྱོང་གི་སྐོར།^p21

