吉祥经(汉译藏)^p1
༄༅། །བཀྲ་ཤིས་པའི་མདོ་ཞེས་བྱ་བ་བཞུགས་སོ། །^p3
མཁན་པོ་བསོད་དར་རྒྱས་ཀྱིས་བསྒྱུར།^p5
༄༅། །བཀྲ་ཤིས་པའི་མདོ་ཞེས་བྱ་བ་བཞུགས་སོ། །^p6
འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །^p8
དེའི་ཚེ། ལྷ་མོ་ཞིག་གིས་མཚན་གུང་གི་དུས་སུ་འོད་ཟེར་ཁྱད་པར་ཅན་བཀྱེས་ནས་སྐྱེད་མོས་ཚལ་ཐམས་ཅད་དུ་ཁྱབ་པར་བྱས་ཤིང་བཅོམ་ལྡན་འདས་ག་ལ་བ་དེར་ལྷགས་ཏེ་གུས་པས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འཁོད་དོ། །^p9
དེ་ནས་ལྷ་མོ་དེས་ཚིགས་སུ་བཅད་པའི་སྒོ་ནས་བཅོམ་ལྡན་འདས་ལ་གསོལ་པ། ལྷ་དང་མི་ཡི་འགྲོ་བ་རྣམས། །བཀྲ་ཤིས་མཆོག་ནི་ཐོབ་འདོད་པ། །ཐམས་ཅད་བསོད་ནམས་དོན་གཉེར་བས། །ཤིན་ཏུ་བཀྲ་ཤིས་བསྟན་དུ་གསོལ། །^p10
དེ་ལ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་འདི་སྐད་ཅེས་བཀའ་སྩལ་པ། རྨོངས་པ་རྣམས་ལ་མི་བསྟེན་ཞིང་། །མཁས་པ་རྣམས་དང་འགྲོགས་པར་བྱེད། །ཡོན་ཏན་ཅན་ལ་བཀུར་བྱེད་པ། །འདི་ནི་ཤིན་ཏུ་བཀྲ་ཤིས་ལགས། །སྔོན་བྱུང་མཁས་གྲུབ་གོང་མ་ཡིས། །བསྟེན་ནས་ལམ་མཆོག་སྒྲུབ་པའི་གནས། །ཉམས་དགའི་དབེན་ཁྲོད་གནས་བྱེད་པ། །འདི་ནི་ཤིན་ཏུ་བཀྲ་ཤིས་ལགས། །མང་ཐོས་བཟོ་ཡི་གནས་ལ་མཁས། །སྡོམ་པ་ལེགས་པར་སྲུང་བ་དང་། །སྙན་པར་སྨྲ་བས་ཡིད་འཕྲོག་པ། །འདི་ནི་ཤིན་ཏུ་བཀྲ་ཤིས་ལགས། །ཕ་མ་གཉིས་ལ་བསྙེན་བཀུར་དང་། །བུ་དང་ཆུང་མར་གཅེས་སྐྱོང་བྱེད། །ཀུན་སྤྱོད་རྣམ་དག་རྙོག་པ་མེད། །འདི་ནི་ཤིན་ཏུ་བཀྲ་ཤིས་ལགས། །སྦྱིན་པ་དང་ནི་ཆོས་ལ་སྤྱོད། །གཉེན་ཉེ་ཀུན་ལ་བརྩེ་བས་སྐྱོང་། །བྱ་བ་ཐམས་ཅད་སྐྱོན་མེད་པ། །འདི་ནི་ཤིན་ཏུ་བཀྲ་ཤིས་ལགས། །ལོག་པའི་སྤྱོད་པ་སྤོང་བ་དང་། ། མྱོས་པར་བྱེད་པ་མི་བཏུང་བ། །ཆོས་ལ་བག་མེད་སྤོང་བར་བྱེད། །འདི་ནི་ཤིན་ཏུ་བཀྲ་ཤིས་ལགས། །གཞན་ལ་བཀུར་ཞིང་ཁོག་ཡངས་པ། །འདོད་ཆུང་ཆོག་ཤེས་དྲིན་གཟོ་བ། །རྟག་ཏུ་གདམས་ངག་ཉན་བྱེད་པ། །འདི་ནི་ཤིན་ཏུ་བཀྲ་ཤིས་ལགས། །བཟོད་པ་སྒོམ་ཞིང་གདམས་པ་ནོད། །དགེ་སྦྱོང་རྣམས་དང་འཕྲད་པའི་ཚེ། །ཆོས་ཀྱི་གཏམ་ནི་གླེང་བར་བྱེད། །འདི་ནི་ཤིན་ཏུ་བཀྲ་ཤིས་ལགས། །ཚངས་པར་སྤྱོད་ཅིང་དཀའ་ཐུབ་བྱེད། །འཕགས་པའི་བདེན་པ་རྟོགས་བྱས་ཏེ། །མྱ་ངན་འདས་ཆོས་མངོན་བྱེད་པ། །འདི་ནི་ཤིན་ཏུ་བཀྲ་ཤིས་ལགས། །འཇིག་རྟེན་ཆོས་དང་འཕྲད་པ་ན། །དེ་ཡིས་སེམས་ཉིད་མི་གཡོ་བར། ། གདུང་བ་མེད་ཅིང་བདེ་བར་གནས། །འདི་ནི་ཤིན་ཏུ་བཀྲ་ཤིས་ལགས། །དེ་ལྟར་ཉམས་སུ་ལེན་པ་ལ། །ཐམས་ཅད་རྣམ་པར་མི་རྒྱལ་མེད། །གནས་སྐབས་ཀུན་ཏུ་བདེ་བ་ཐོབ། །འདི་ནི་ཤིན་ཏུ་བཀྲ་ཤིས་ལགས། །བཀྲ་ཤིས་པའི་མདོ་ཞེས་བྱ་བ་རྫོགས་སོ།། །།^p11
མདོ་འདི་ནི་ལྷོ་བརྒྱུད་ནང་ཆོས་པས་ཤིན་ཏུ་གཙིགས་ཆེར་མཛད་དོ། ། བསོད་དར་རྒྱས་ཀྱིས་རྒྱ་ནག་གི་སྐད་ནས་བོད་སྐད་དུ་བསྒྱུར་བའོ། །^p12

