Cinta Base

༄༅། །རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞིང་ཁམས་རྒྱ་ནག་རི་བོ་རྩེ་ལྔའི་གནས་བཤད་མཐོང་བ་དོན་ལྡན་ཞེས་བྱ་བ་བཞུགས་སོ། །^p1

公开藏文013

ན་མོ་མཉྫུ་གྷོ་ཥཱ་ཡ།^p2

དམར་སེར་ཉི་མ་གཞོན་ནུའི་ལང་ཚོ་ལ། །^p3

མཚན་དཔེ་འོད་སྟོང་འཛུམ་པའི་འཇོ་སྒེག་ཅན། །^p4

རྒྱལ་ཀུན་ཡེ་ཤེས་ཕུང་པོ་མི་ཡི་གར། །^p5

མི་ཕམ་འཇམ་པའི་དབྱངས་ཀྱིས་ཤིས་པ་སྩོལ། །^p6

ཁྱད་པར་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི། །^p7

གསང་གསུམ་ཡོན་ཏན་གཅིག་ཏུ་སྤུངས་བའི་དཔྱིད། །^p8

བཀའ་དྲིན་མཚུངས་མེད་འཇམ་མགོན་བླ་མ་ཡི། །^p9

ཞབས་རྡུལ་དྲི་མེད་སྤྱི་གཙུག་རྒྱན་དུ་ལེན། །^p10

ལན་གཅིག་ཐོས་དང་དྲན་པ་ཙམ་གྱིས་ཀྱང༌། །^p11

སྲིད་པའི་གདུང་འཕྲོག་སྤྲུལ་བའི་ཞིང་མཆོག་གི །^p12

ཡ་མཚན་བཀོད་པ་བདུད་རྩིའི་ཆུ་མཚོ་ལས། །^p13

རྩྭ་རྩེའི་ཟེགས་མ་ཙམ་ཞིག་འདི་རུ་འགོད། །^p14

ཅེས་ཚིགས་སུ་བཅད་པའི་མེ་ཏོག་གིས་མདུན་བསུས་ཏེ་འདིར་སྤྲུལ་བའི་ཞིང་ཁམས་རྒྱ་ནག་རི་བོ་རྩེ་ལྔའི་བཀོད་པ་ཅུང་ཟད་གླེང་བ་ལ། གནས་ཆེན་སོགས་སྤྱིར་བཤད་པ། སྐབས་དོན་རི་བོ་རྩེ་ལྔའི་གནས་ཀྱི་བཀོད་པ་རྒྱས་པར་བཤད་པ། དེར་འབྲེལ་བའི་ཕན་ཡོན་གྱི་སྒོ་ནས་བརྩམ་ཚུལ་མཇུག་བསྡུ་བ་དང་གསུམ་ལས། དང་པོ་ནི། སྤྱིར་ས་སྤྱོད་ཀྱི་ཞིང་ཁམས་སུ་ཡོངས་སུ་གྲགས་པ་ནི་ཤར་ན་རྒྱ་ནག་རི་བོ་རྩེ་ལྔ་དང༌། ལྷོ་པོ་ཊ་ལ། ནུབ་ཟངས་མདོག་དཔལ་གྱི་རི་བོ། བྱང་ཤམ་བྷ་ལ། དབུས་རྒྱ་གར་རྡོ་རྗེ་གདན་རྣམས་ཡིན་ཞེས་ལྕང་སྐྱ་རོལ་བའི་རྡོ་རྗེ་སོགས་མཁས་གྲུབ་རྣམས་ཀྱིས་གསུངས་ཤིང༌། དེ་ལའང་གནས་རི་ཕལ་ཆེར་ངོས་འཛིན་ཚུལ་མི་འདྲ་བ་མང་ཡང་རི་བོ་རྩེ་ལྔ་ནི་རྩོད་མེད་དུ་གྲགས་སོ། །^p15

བྱེ་བྲག་ཏུ་མ་ཧཱ་ཙི་ནའི་ཡུལ་གྲུ་འདི་ལའང་བྱིན་རླབས་ཆེ་ཞིང་བྱང་ཆུབ་སེམས་དཔའ་རྣམས་རྟག་ཏུ་བཞུགས་པའི་རི་བོ་ཆེན་པོ་བཞི་ཡོད་དེ། རི་བོ་རྩེ་ལྔ་དང༌། གླང་ཆེན་འགྱིང་རི། རི་བོ་གྲུ་འཛིན། དཔལ་རི་རྩེ་དགུ་རྣམས་ལས་དང་པོ་རི་བོ་རྩེ་ལྔ་ནི་འོག་ཏུ་འཆད་ལ། གཉིས་པ་གླིང་ཆེན་འགྱིང་རིའམ་ཨོ་མེ་ཧྲན་(峨眉山)ཞེས་པ་ནི་བྱང་ཆུབ་སེམས་དཔའ་འཕགས་པ་ཀུན་ཏུ་བཟང་པོ་རྟག་ཏུ་བཞུགས་པའི་གནས་ཡིན་ཞིང༌། གནས་འདི་ནི་ད་ལྟ་ཁྲིན་ཏུའུ་གྲོང་ཁྱེར་གྱི་ཤར་ཕྱོགས་སུ་ལེ་དབར་དུ་མའི་མཚམས་སུ་ཡོད། སྔོན་མིན་དང་ཆིན་རྒྱལ་རབས་ཀྱི་སྐབས་སུ་འདིར་དགོན་པ་བརྒྱ་དང་ལྔ་བཅུ་ལྷག་ཡོད་པར་གསུངས་ཀྱང་ད་ལྟ་དགོན་སྡེ་ཉི་ཤུ་ལྷག་ཙམ་ལས་མེད། དགོན་པ་ཤིན་ཏུ་གྲགས་ཆེ་བ་ནི་རི་འདབས་ན་པོའོ་བཀོ་སི་ཞེས་པ་དང༌། རི་སྐེད་ན་དབན་ཉན་སི་(万年寺)ཞེས་པ་གཉིས་ཡིན།^p16

ཕྱི་མ་དེར་འཕགས་པ་ཀུན་ཏུ་བཟང་པོ་གླང་ཆེན་ལ་ཆིབས་པ། ཤིན་ཏུ་ངོ་མཚར་དང་བྱིན་རླབས་ཆེ་བའི་ཟངས་སྐུ་མཐོ་དམན་ལ་ཁྲུ་ཉི་ཤུ་ལྷག་ཡོད་པ་ཞིག་སངས་རྒྱས་སྟོང་སྐུའི་ལྷ་ཁང་ཞེས་གྲགས་པ་དེར་ཡོད། འདི་དག་རྣམས་སུ་སྐྱབས་མགོན་ཆོས་རྗེ་བླ་མ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོ་མཆོག་ཉིད་འཁོར་བཅས་བྱོན་ནས་བསྟན་འགྲོའི་དོན་དུ་འཕགས་པ་ཀུན་ཏུ་བཟང་པོའི་སྨོན་ལམ་རྒྱ་ཆེར་གསུངས་སོ། །^p17

འདིའི་རི་རྩེ་ན་སངས་རྒྱས་ཁྲིའི་རི་རྩེ་དང༌། སངས་རྒྱས་སྟོང་གི་རི་རྩེ། གསེར་གྱི་རི་རྩེ་ཞེས་པ་གསུམ་ལས་ཕྱི་མ་ན་དགོན་པའང་ཡོད། འདིར་གནམ་གཤིས་དྭངས་སྐབས་བལྟས་ན། རི་འདབས་ཐམས་ཅད་དཀར་གསལ་འོ་མའི་རྒྱ་མཚོ་ཆེན་པོའི་སྟེང་དུ་ཕྱིན་པའམ་སྲིན་བལ་དཀར་པོས་ཕྱོགས་ཀུན་ཁེབ་པ་ལྟ་བུའི་སྣང་བ་འཆར་ཞིང༌། བོད་ཡུལ་གྱི་གངས་དཀར་རི་བོ་ཡང་རབ་དཀར་མར་གྱི་ལྷ་བཤོས་བཤམས་པ་བཞིན་དུ་མཐོང་ལ། ཤར་ཕྱོགས་ཀྱི་སྤྲིན་མཚོའི་ནང་ན་ཀུན་ཏུ་བཟང་པོའི་འོད་ཟེར་ཁ་དོག་རྣམ་ལྔའི་འོད་རིས་ཟླུམ་པོ། རང་གི་གྲིབ་མ་དེའི་ནང་དུ་འཆར་བའི་ངོ་མཚར་ཅན་ཞིག་སྐྱེ་འགྲོ་མཆོག་དམན་ཀུན་གྱིས་རྟག་ཏུ་མཇལ་རྒྱུ་ཡོད། སྔ་མོ་རི་རྩེ་ནས་ཐུར་དུ་བལྟས་ན་རྒྱ་མཚོའི་འགྲམ་ནས་ཉི་མ་ཤར་མ་ཐག་ཉི་མའི་དཀྱིལ་འཁོར་ཀྱང་འོད་མེད་པར་དམར་སེར་གྱི་གོང་བུ་ཞིག་ཏུ་སྣང༌། དེ་ནས་རིམ་གྱིས་ཇེ་གསལ་དུ་འཆར།^p18

ཡང་འདབས་ཀྱི་པོའོ་བཀོ་སི(报国寺)དགོན་པ་ནས་རླངས་འཁོར་དུ་ཞུགས་ནས་ལོ་ཧྲན་གྲོང་ཁྱེར་དུ་སོང་ཞིང༌། དེ་ནས་གྲུ་གཟིངས་ཀྱི་ནང་ནས་ཤར་ཕྱོགས་སུ་སོང་ན། སྙན་གྲགས་ཆེ་བའི་ལོ་ཧྲན་བྱམས་ཆེན(乐山大佛)ཞེས་པ་དེ་ཡོད། འདི་ནི་རྡོའི་རི་བོ་ཞིག་བརྐོས་ཏེ་རྒྱལ་ཚབས་བྱམས་པའི་འདྲ་སྐུ་བཞེངས་བ་ཞིག་ཡིན་ལ། དེའང་སྔོན་ཆད་གནས་འདིར་ཆུ་རླབས་ཀྱིས་རྟག་ཏུ་གྲུ་ལ་གནོད་པ་བྱུང་བས་ཐང་རྒྱལ་རབས་ཀྱི་དུས་སུ་ད་ལྟའི་ཧེ་ཐོང་ཕུག་ཅེས་པར་རྒྱུན་དུ་བཞུགས་པར་གྲགས་པའི་ཧེ་ཐོང་(海通)ཞེས་པའི་བླ་མ་ཞིག་གིས་འདིར་བྱམས་པའི་སྐུ་ཞིག་འགྲུབ་ན་གནོད་པ་ཐམས་ཅད་ཞི་ཞིང་བསྟན་འགྲོའི་དོན་ཆེན་པོ་འབྱུང་བར་དགོངས་ཏེ། སྐུ་ཚེ་ཧྲིལ་བོར་སྐུ་འདི་ཉིད་བརྐོས་ཤིང༌། ཕྱིས་སུ་ཁོང་ཞི་བར་གཤེགས་སྐབས་བརྐོས་འཕྲོ་ཅུང་ཟད་ལུས་པ་ཉིད་ཀྱི་སློབ་བུ་ལ་གཏད་ནས་ཁྱོན་ལོ་དགུ་བཅུའི་རིང་ལ་ལེགས་པར་གྲུབ་པ་ཞིག་ཡིན། སྐུ་འདིའི་མཐོ་དམན་ལ་ཁྲུ་ཉིས་བརྒྱ་ལྷག་ཡོད་པས་འཛམ་གླིང་སྟེང་གི་སྐུ་ཆེ་ཤོས་ཡིན་པར་གནས་འདིའི་དཀར་ཆག་ལས་གསུངས། སྐུ་འདི་ཆེས་བྱིན་རླབས་ཆེ་བས་ཕྱིས་སུ་གནོད་པ་ཞི་བར་གསུངས་སོ། །འདིའི་དྲུང་དུའང་སྐྱབས་རྗེ་བླ་མ་ཡིད་བཞིན་ནོར་བུ་འཁོར་བཅས་བྱོན་ནས་བྱམས་སྨོན་བསྡུས་པ་སོགས་གསུངས་ཤིང་ཐུགས་སྨོན་རྒྱ་ཆེར་གནང་ངོ༌། །^p19

གཉིས་པ་རི་བོ་གྲུ་འཛིན་ཏེ་ཕོའོ་ཐོ་ཧྲན(普陀山)ཞེས་པ་ནི། འཕགས་མཆོག་སྤྱན་རས་གཟིགས་རྟག་ཏུ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་བཞིན་པའི་གནས་ཡིན་ཏེ། མདོ་ཕལ་བོ་ཆེ་ལེའུ་རེ་བརྒྱད་པའི་སྐབས་སུ། འདི་ནས་ལྷོ་ཕྱོགས་སུ་རི་བོ་པོ་ཏ་ལ་ཞེས་བྱ་བར་འཕགས་པ་སྤྱན་རས་གཟིགས་དངོས་སུ་བཞུགས་ཞེས་གསུངས་ལ།^p20

འདི་ཉིད་ད་ལྟ་ཀྲི་ཅང་ཞིང་ཆེན(浙江省)གྱི་པདྨ་ཅན་གྱི་རྒྱ་མཚོའི་ནང་དུ་གླིང་ཚོམ་ཞིག་གི་ཚུལ་དུ་ཡོད། འདི་ལ་འགྲོ་སྐབས་པེ་ཅིན་ནས་ཧྲང་ཧེ་གྲོང་ཁྱེར་བར་སྤྱི་ལེ་ཆིག་སྟོང་བཞི་བརྒྱ་རེ་གཉིས་ལ་མེ་འཁོར་ནང་ནས་འགྲོ་དགོས། དེ་ནས་མཚོ་གྲུའི་ནང་བསྡད་དེ་ཉིན་གཅིག་ལྷག་འགྲོ་དགོས། གནས་འདིར་སྔོན་ཆིན་རྒྱལ་རབས་ཀྱི་དུས་སུ་དགོན་པ་བརྒྱད་ཅུ་ལྷག་ཡོད་པར་གསུངས་ཀྱང་ད་ལྟ་ཉི་ཤུ་ལྷག་ལས་མེད། སྔོན་སྤྱི་ལོ༨༥༨སྐབས་སུ་ཉི་ཧོང་རྒྱལ་ཁབ་ཀྱི་བཙུན་པ་ཞིག་གིས་རི་བོ་རྩེ་ལྔ་ནས་སྤྱན་རས་གཟིགས་ཀྱི་འདྲ་སྐུ་ཞིག་གདན་དྲངས་ཏེ་གནས་འདིའི་མདུན་གྱི་མཚོ་ནང་དུ་ཐོན་སྐབས། པདྨ་དཀར་པོ་བརྒྱ་ཕྲག་མང་པོས་མཚོ་གྲུ་བཀག་ནས་འགྲོ་མ་བཏུབ་པས་རི་འདབས་སུ་སྤྱན་རས་གཟིགས་མི་འགྲོ་གླིང་བཏབ་སྟེ་སྐུ་དེ་ཡང་དེར་བཞུགས་སུ་བཅུག རི་རྩེ་བར་རྡོ་ཡི་སྐས་ཐེམ་སྟོང་གཅིག་ལྷག་ཡོད། བྱིན་རླབས་ཆེ་བ་སྤྱན་རས་གཟིགས་ཀྱི་ཞབས་རྗེས་དང༌། སྙན་གྲགས་ཆེ་བ་རྡོ་སྙིང་དང་གསེར་ཕྱེའི་ཐང་སོགས་ཡ་མཚན་ཅན་མང་ངོ༌། །^p21

གསུམ་པ་དཔལ་རི་རྩེ་དགུའམ་ཅོའུ་ཧྭ་ཧྲན(九华山)ཞེས་པ་ནི་འཕགས་པ་ས་ཡི་སྙིང་པོ་རྟག་ཏུ་བཞུགས་པའི་གནས་ཡིན། ད་ལྟ་ཨན་ཧེ་ཞིང་ཆེན(安微省)གྱི་ཆིན་ཡན་རྫོང་དུ་ཡོད། འདི་ལ་འགྲོ་སྐབས་ཁྲིན་ཏུའུ་ནས་ནན་ཅིང་འབྲུ་ཆུའི་ཟམ་ཆེན་(南京长江大桥)བར་དུ་མེ་འཁོར་ནས་སྤྱི་ལེ་སྟོང་ཕྲག་གཉིས་དང་ཞེ་གཉིས་ཙམ་དུ་སོང་རྗེས། དེ་ནས་རླངས་འཁོར་དུ་བསྡད་ནས་ཉིན་གཅིག་ལྷག་འགྲོ་དགོས། གནས་འདིར་སྔོན་མིན་དང་ཆིན་རྒྱལ་རབས་ཀྱི་སྐབས་སུ་དགོན་པ་སུམ་བརྒྱ་ལྷག་དང་དགེ་འདུན་ཡང་སྟོང་ཕྲག་ལྔ་དྲུག་ཏུ་ལོངས་བར་གསུངས།^p22

དེང་སྐབས་དགོན་པ་བདུན་ཅུ་ལྷག་ཡོད་ཅིང་འདིར་གྲགས་ཆེ་བ་ནི་དཔལ་རི་རྩེ་དགུའི་གནས་བཤད་ལས། ལོ་བརྒྱའི་ཕོ་བྲང་(百岁宫)གི་གླེང་གཞི་སོགས་གསུངས་ཏེ། དེའང་ཧེ་ཡེ་ཞེས་པའི་བཙུན་པ་ཞིག་གིས་རི་བོ་རྩེ་ལྔ་ནས་རབ་བྱུང་གི་བསླབ་པ་རིན་པོ་ཆེ་མནོས། དེ་ནས་དཔལ་རི་རྩེ་དགུའི་གནས་འདིར་ཚོད་མ་ཁོ་ན་གསོལ་ཏེ་བཞུགས་ཤིང༌། དེ་ལྟར་ལོ་སོ་བརྒྱད་ཀྱི་ཡུན་ལ་རང་གི་ལྗགས་ཁྲག་གཏར་ནས། ཤིན་ཏུ་རྒྱས་པ་སངས་རྒྱས་ཕལ་བོ་ཆེ་པོ་ཏི་བརྒྱད་ཅུ་གྱ་གཅིག་བྲིས། ཁོང་དགུང་ལོ་བརྒྱ་ལོན་སྐབས་འཁོར་སློབ་སྤངས་ཏེ་མིའི་རྒྱུ་འགྲུལ་མེད་པའི་ཕུག་པ་ཞིག་ཏུ་བཞུགས། དགུང་གྲངས་བརྒྱ་དང་ཉེར་དྲུག་ཏུ་སོན་སྐབས་ཟླ་༩ཚེས་༡༤སྔ་དྲོར་སྐུ་སྐྱིལ་ཀྲུང་བཅས་པའི་དྲུང་དུ་སྐུ་ཚེ་ཧྲིལ་བོའི་རྣམ་ཐར་ཞིག་བཞག་སྟེ་ཁོང་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་གཤེགས་སོང༌།^p23

དེ་ནས་ལོ་གསུམ་ལྷག་སོང་རྗེས་སུ་གནས་དེར་ཡུལ་མི་རྣམས་ཀྱིས་མཚན་མོ་མེ་འོད་སྣ་ཚོགས་འཁྲིགས་པ་མཐོང་བས་བལྟར་ཕྱིན་ཚེ། ཁོང་གི་རྣམ་ཐར་དང༌། ཁྲག་གིས་བྲིས་པའི་ཕལ་པོ་ཆེ། སྐུ་གདུང་ཡང་མ་ཉམས་པར་དེ་ལྟར་ཡོད། དེས་ན་ཕལ་པོ་ཆེ་ནི་གནས་འདིའི་འགྲེམ་སྟོན་ཁང་དུ་ཡོད་པ་དེ་ཡིན། སྐུ་གདུང་ཡང་ད་ལྟའི་བར་ལོ་སུམ་བརྒྱ་བརྒྱད་ཅུ་ལྷག་སོང་ཡང་མ་རུལ་བར་མཇལ་རྒྱུ་ཡོད། དེ་བཞིན་ལོ་༡༤༠༠ལྷག་སོང་བའི་རྨ་བྱའི་ལྗོན་ཤིང་ངོ་མཚར་ཅན་དང༌། ས་སྙིང་དྲིལ་བུ་བྱིན་རླབས་ཅན་སོགས་ཡོད། གོང་གི་གནས་རྣམས་ཀྱི་དགོན་པ་རེ་རེ་ལའང་ངོ་མཚར་བའི་ལོ་རྒྱུས་དང་རྟེན་ཁྱད་པར་ཅན་སོགས་མང་ཡང་ཞིབ་ཏུ་འབྲིར་མ་ལོང་།^p24

གཞན་ཡང་འཕགས་པ་ཐོགས་མེད་ཀྱིས་ལོ་བཅུ་གཉིས་ལ་མགོན་པོ་བྱམས་པ་བསྒྲུབས་ནས་མཐར་ཞལ་གཟིགས་པའི་གནས་ཆེན་རི་བོ་བྱ་རྐང་ཅན་(鸡足山)ཞེས་པ་ནི། དེང་སང་གི་ཡོན་ནན་ཞིང་ཆེན་དང་(云南省)རྒྱ་གར་ལྷོ་ཕྱོགས་གཉིས་སུ་སོ་སོར་ཡོད་ལ། རི་འདིའི་ནང་དུ་བསྟན་པའི་གཏད་རབས་ཆེན་པོ་ཉན་ཐོས་འོད་སྲུང་གི་སྐུ་གདུང་ཡོད་དེ། ཀུན་མཁྱེན་བླ་མའི་ངལ་གསོ་སྐོར་གསུམ་གྱི་སྤྱི་དོན་ལེགས་བཤད་རྒྱ་མཚོ་ལས། གནས་བརྟན་འོད་སྲུང་ཆེན་པོ་མྱ་ངན་ལས་འདའ་བར་བཞེད་ནས་བསྟན་པ་ཀུན་དགའ་བོ་ལ་གཏད་ནས། ལྷ་དང་ཀླུའི་གནས་ནས་སངས་རྒྱས་ཀྱི་མཆེ་བ་གཡས་དང་གཡོན་དུ་བཞག་ལ་ཕྱག་འཚལ་ནས། སླར་བྱོན་ནས་རི་བོ་བྱ་རྐང་ཅན་གྱི་ནང་དུ་སྐུ་གདུང་མི་འཇིག་པར་བྱིན་གྱིས་བརླབས་ཏེ་མྱ་ངན་ལས་འདས་སོ། །^p25

དེའི་དགོས་པ་ནི། མ་འོངས་པར་བྱམས་པ་འཁོར་དུང་ཕྱུར་དང་བཅས་པ་ཚེ་ལོ་བརྒྱད་ཁྲིའི་དུས་སུ་དེར་བྱོན་དུས། རི་ཁ་ཕྱེས་ནས་པུར་དེ་གཟིགས་ནས་འཁོར་རྣམས་ཀྱིས་དྲིས་པས། བྱམས་པས་དེའི་དོན་རྒྱ་ཆེར་གསུང་དུས་ཐམས་ཅད་སྦྱང་བའི་ཡོན་ཏན་དང་ལྡན་པར་འགྱུར་བ་ལ་དགོངས་སོ། །ཞེས་སོ། །^p26

ཉན་ཐོས་འོད་སྲུང་གི་སྐུ་གདུང་བཞུགས་སའི་བྲག་རི་དེ། རི་རྩེ་ནས་མར་ཅུང་འོང་སར་ཧྥ་ཧྲོའི་མེན་(华首门)ཟེར་བ་དེ་ཡིན། རི་ཁ་ཟུམ་པའི་ཤུལ་ཀྱང་ད་ལྟ་གསལ་པོ་ཡོད། འདིའི་རི་རྩེ་ན་འཕགས་པ་ཀུན་དགའ་བོ་དང་རྒྱལ་པོ་མ་སྐྱེས་དགྲས་ཐོག་མར་བཞེངས་པར་གྲགས་པའི་མཆོད་རྟེན་ཀྱང་ཡོད། དེ་ཡང་བདུད་འཇོམས་ཆོས་འབྱུང་ལས། དེ་ནས་འོད་སྲུང་གི་སྐུ་གདུང་གི་མཆོད་རྟེན་དང་ཚེམས་མཆེ་བ་རྣམས་མཆོད་དེ། ལྷོ་ཕྱོགས་ཀྱི་རི་བྱ་རྐང་ལ་འཛེགས་ཏེ་ཁ་བྱེ་བའི་དབུས་སུ་རྩྭ་བཏིང༌། བཅོམ་ལྡན་འདས་ཀྱིས་ཕྱག་དར་ཁྲོད་ཀྱི་སྣམ་སྦྱར་གྱོན་ནས། བྱམས་པ་འཚང་རྒྱ་ཡི་བར་དུ་སྐུ་གདུང་མི་ཉམས་པར་བྱིན་གྱིས་བརླབས་ཏེ་ཆོ་འཕྲུལ་དུ་མ་བསྟན་ནས་མྱ་ངན་ལས་འདས་སོ། །^p27

དེ་ནས་ལྷ་རྣམས་ཀྱིས་མཆོད། རི་འབྱར་ཏེ་མ་སྐྱེས་དགྲས་མཐོང་བའི་སྐབས་ཕྱེ་བས། དེའི་ཚེ་མ་སྐྱེས་དགྲས་རྒྱལ་རིགས་ཀྱི་ཞང་པོ་རྒྱུན་འཆད་པ་རྨིས་ནས་སད་པ་དང་འོད་སྲུང་འདས་པ་ཐོས་ཏེ། ཀུན་དགའ་བོ་དང་ལྷན་ཅིག་རི་བྱ་རྐང་ལ་ཕྱིན། གནོད་སྦྱིན་གྱིས་རི་ཁ་ཕྱེ་བ་དེ་ལ་རྒྱལ་པོས་ཕྱག་མཆོད་བྱས་ཏེ་བསྲེག་པར་བརྩམས་པ་དང༌། ཀུན་དགའ་བོས་འདི་ནི་བྱམས་པའི་གསུང་རབ་འབྱུང་གི་བར་བྱིན་གྱིས་བརླབས་ཏེ། བྱམས་པའི་འདུས་པ་དང་པོ་ལ་ཉན་ཐོས་བྱེ་བ་དགུ་བཅུ་རྩ་དགུ་དང་བཅས་པས་འདིར་བྱོན་ནས་འདིའི་སྐུ་གདུང་ཕྱག་མཐིལ་དུ་བསྣམས་ནས་བསྟན་ཏེ། འདི་ནི་ཤཱཀྱ་ཐུབ་པའི་ཉན་ཐོས་སྦྱངས་པའི་ཡོན་ཏན་ལ་གནས་པའི་མཆོག་ཡིན་ལ། འདིས་བགོས་པའི་སྣམ་སྦྱར་ཀྱང་སྟོན་པ་དེའི་ཡིན་ནོ། །འདི་ན་ནི་དེ་ལྟ་བུ་དགེ་སྦྱོང་སྦྱངས་པའི་ཡོན་ཏན་ལ་གནས་པ་ཅི་ཡང་མེད་དོ་ཞེས་གསུངས་ཏེ། འོད་སྲུང་གི་སྤུར་དེ་ཆོ་འཕྲུལ་ཆེན་པོ་བསྟན་ནས་ལྷག་མ་མེད་པར་དབྱིངས་སུ་ཐིམ་པས་དེ་དག་གིས་སྦྱངས་པའི་ཡོན་ཏན་བླངས་ཏེ་དགྲ་བཅོམ་པ་ཐོབ་པར་འགྱུར་བས་བསྲེག་པར་མི་ནུས་སོ། །ཞེས་གདམས་ཏེ་ཕྱིར་ལོག་པ་ན་རི་ཁ་འབྱར། དེའི་རྩེར་སྐུ་གདུང་གི་མཆོད་རྟེན་བརྩིགས་སོ། །ཞེས་པ་ལྟར་རོ། །^p28

དེ་ལྟར་གནས་ཆེན་དེ་རྣམས་ཀྱི་གཙོས་རྒྱ་ནག་ཏུ་བསྟན་པ་དར་ཚུལ་ཡང་རྒྱལ་པོ་ཧན་མིང་ཏིའི་རིང་ལ་རྒྱ་གར་ནས་པཎྜི་ཏ་བདེན་པ་མཐོང་བ་གཉིས་ཀྱིས་རྟ་དཀར་པོ་ཞིག་ལ་ཐེག་པ་ཆེ་ཆུང་གི་སྡེ་སྣོད་མང་པོ་བཀལ་ནས་རྒྱ་ཡུལ་དུ་སླེབས་ཏེ། ལོ་ཡང་གི་རྟ་དཀར་དགོན་དང་རི་བོ་རྩེ་ལྔའི་ཤན་ཐོང་སི་གཉིས་བཞེངས་ཤིང་ཆོས་ཡང་མང་དུ་བསྒྱུར། པཎྜི་ཏ་དེ་གཉིས་ཀྱིས་དགྲ་བཅོམ་ཐོབ་སྟེ། གཅིག་རྟ་དཀར་དགོན་པའི་ལྷ་ཁང་གི་འོག་ཏུ་འགོག་པ་ལ་སྙོམས་པར་ཞུགས་ནས་མ་འོངས་བྱམས་པ་བྱོན་པའི་ཚེ་གཟོད་མྱ་ངན་ལས་འདའ་བར་དེབ་ཐེར་དམར་པོ་དང་ཆོས་འབྱུང་མཁས་པའི་དགའ་སྟོན་སོགས་ལས་གསུངས་ལ། གཅིག་ནི་རྫུ་འཕྲུལ་གྱིས་ནམ་མཁའ་ལ་འཕུར་ཏེ་རྒྱ་མཚོའི་གླིང་ཀའུ་དཀར་པོ་ཞེས་བྱ་བའི་རྒྱལ་ཁམས་སུ་སོང་སྟེ་མྱ་ངན་ལས་འདས་སོ། །^p29

འདིར་ཀའུ་དཀར་པོ་ཞེས་པ་ནི་དེང་སང་གི་ཁྲོ་ཤན(朝鲜)རྒྱལ་ཁབ་ལ་ངོས་འཛིན་པར་སྣང༌། དེ་ལྟར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་རྒྱ་ནག་གི་ཡུལ་དུ་དར་བ་ན་དེར་གནས་པའི་ཏའོ་ཅའོ་ཆོས་ལུགས་དང་རྩོད་པར་གྱུར་ཏེ་གོང་མ་ཧན་མིང་ཏི་རྒྱལ་པོ་ལ་ཞུས་ཤིང༌། དེ་ནས་ཡུང་ཕིང་ལོ་བཅུ་བཞི་བ་ཟླ་བ་དང་པོའི་ཚེས་བཅོ་ལྔ་ལ་རྒྱལ་པོའི་བཀའ་བཞིན་ཕན་ཚུན་བསྟན་པ་རྒྱལ་བཞག་སྟེ། ཕྱོགས་གཅིག་གི་ཐབ་ཁར་དེ་དག་གི་ལི་བའུ་གྱིང་ལ་སོགས་ཆོས་པོ་ཏི་ལྔ་བརྒྱ་སོགས་བརྩིགས། ཕྱོགས་གཅིག་གི་ཐབ་ཁར་སངས་རྒྱས་པའི་སྐུ་གཟུགས་གསུང་རབ་དང་བཅས་པ་བཞག ལྷོ་ཕྱོགས་སུ་གདན་ཁྲི་ཆེན་པོ་བཤམས་ནས་རྒྱལ་བློན་འཁོར་དང་བཅས་པ་དེར་འཁོད་ཅིང༌། གཞན་ཡང་སྐྱེ་བོ་གྲངས་མེད་པ་ལྟད་མོར་འཚོགས་སོ། །^p30

དེ་ནས་མཉམ་དུ་མེ་སྦར་ཏེ་བསྲེགས་པ་ན་ཏའོ་ཅའོའམ་ཟིན་ཤིང་བའི་རྟེན་རྣམས་ལྷག་མེད་དུ་ཚིག་ནས་ཐལ་བར་གྱུར། དེ་ཚེ་ཕྱི་རོལ་པ་རྣམས་བཞིན་མདོག་འགྱུར་ཏེ་འཇིགས་ཤིང་སྡུག་བསྔལ་གྱིས་གནས་པ་ལས་རྫུ་འཕྲུལ་སོགས་ཀྱང་ཉམས་པར་གྱུར། སངས་རྒྱས་ཀྱི་སྐུ་གཟུགས་གསུང་རབ་དང་བཅས་པ་མ་ཚིག་པར་ཤོག་བུའི་མདོག་ཀྱང་གསེར་བཙོས་མ་ལྟར་འོད་སྣང་འབར་ཞིང་མ་ཉམས་པར་ཡོད་དོ། །^p31

དེ་ནས་སྐུ་གདུང་ལས་འོད་ཟེར་སྣ་ལྔ་བྱུང་ནས་ནམ་མཁའ་ལ་འཁོར་ཞིང་མཐར་གདུགས་བཞིན་དུ་གྱུར་ནས་སྐྱེ་བོའི་ཚོགས་རྣམས་ལེགས་པར་བཀབ་ནས་ཉི་མའི་འོད་ཀྱང་བསྒྲིབས་ཏེ་གནས་སོ། །དེའི་ཚེ་སློབ་དཔོན་གྲོལ་བ་དང་འབར་བ་གཉིས་ནམ་མཁའ་ལ་འཕུར་ཏེ་རྫུ་འཕྲུལ་སྣ་ཚོགས་བསྟན་པས། སྐབས་དེར་ནམ་མཁའ་ནས་ལྷའི་མེ་ཏོག་གི་ཆར་བབ་ཅིང་ལྷ་ཡིས་རོལ་མོ་སྣ་ཚོགས་བར་མེད་དུ་བསྒྲགས་པས་དེར་འཁོད་སྐྱེ་བོའི་ཚོགས་ཀུན་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་དད་པར་གྱུར་ཏེ་བཀུར་བར་བྱས་སོ། །^p32

དེ་ལྟར་མཛད་པའི་གནས་བྱིན་རླབས་ཅན་དེ་ནི་དེང་སང་གི་ཧི་ནན་ཞིང་ཆེན་གྱི་གནས་མཆོག་ཚོང་ཧྲན་(嵩山)རི་བོར་འཛམ་གླིང་ན་སྙན་གྲགས་ཆེ་བའི་དགོན་པ་ཧྲའོ་ལེན་སི་(少林寺)ཞེས་པའི་མདུན་ཟུར་ན་ཧྲའོ་ཅིན་ཐེ་(烧经台)ཞེས་པ་དེ་ཡིན་པར་རྒྱ་ཡིག་གི་ཆོས་འབྱུང་ལེའུ་ཞེ་གཉིས་པ་སོགས་ལས་རྒྱ་ཆེར་གསུངས་པ་བཞིན་ནོ། །^p33

གཞན་ཡང་རྒྱ་ནག་གི་ཡུལ་འདིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱིན་གྱིས་བརླབས་ཤིང་རང་བྱུང་དང་ཡ་མཚན་གྱི་བཀོད་པ་ཚད་མེད་པའི་གནས་མཆོག་ཆེས་མང་པོ་དང༌། རྫུ་འཕྲུལ་ལས་བསྐྲུན་པའི་རིན་པོ་ཆེའི་ཁང་བཟང་ཡིད་དབང་འཕྲོག་པ་སོགས་ངོ་མཚར་བའི་གནས་དང་རྟེན་སོགས་བསམ་གྱིས་མི་ཁྱབ་པ་དག་ཀྱང་མཆིས།^p34

གཞན་ཡང་སངས་རྒྱས་དངོས་དང་བྱིན་རླབས་མཉམ་པའི་རྟེན་ཁྱད་པར་ཅན་ཡང༌། སྤྱིར་སྔོན་བྱོན་སྤྲུལ་བའི་བཟོ་རྒྱལ་ཀརྨ་བི་ཤྭས་ཤར་རྡོ་རྗེ་གདན་དང༌། བྱང་ཤམ་བྷ་ལ་སོགས་ཀྱི་ས་སྣ་ཆུ་སྣ་དང༌། ཡིད་བཞིན་ནོར་བུ་རིན་པོ་ཆེ་སྣ་ཚོགས་རྫུ་འཕྲུལ་གྱིས་གཅིག་ཏུ་བསྡུས་ཏེ་བཞེངས་པའི་དེ་བཞིན་གཤེགས་པ་དགུང་ལོ་ཉེར་ལྔ་བའི་ཚད་ད་ལྟ་དགའ་ལྡན་ལྷ་ཡུལ་ན་བཞུགས་པ་དང༌། ལོ་བཅུ་གཉིས་པའི་ཚད་ཇོ་བོ་ཤཱཀྱ་མུ་ནེ་དང༌། བརྒྱད་པའི་ཚད་ཇོ་བོ་མི་བསྐྱོད་རྡོ་རྗེ་གཉིས་ད་ལྟ་ལྷ་ས་ན་བཞུགས་པ་སོགས་ཀྱང་སངས་རྒྱས་དངོས་ཀྱིས་རབ་གནས་མཛད་ཅིང་མ་འོངས་པར་འགྲོ་དོན་མཛད་པར་ལུང་བསྟན་པའོ། །^p35

དེ་བཞིན་དུ་ད་ལྟ་བ་ལྷ་དགའ་འམ་ལྷ་སྒང་ཇོ་བོ་མཐོང་བ་དོན་ལྡན་ཡང་དེ་བཞིན་གཤེགས་པ་དངོས་ཀྱིས་རབ་གནས་དང་བྱིན་རླབས་མཛད་ཅིང་བཟོ་བོ་ཀརྨ་བི་ཤྭས་ཕྱག་བཟོ་གནང་བའི་རྟེན་ཡིན་པར་ཨོ་རྒྱན་ཆེན་པོའི་གནས་ཡིག་གཏེར་མ་ལས་གསལ་བར་གསུངས་སོ། །^p36

ཁྱད་པར་དུ་རྒྱ་ནག་གི་ཙན་དན་ཇོ་བོ་ནི། ཙན་དན་ལས་བཞེངས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་སྐུ་བརྙན་ཏེ། དེང་སང་པེ་ཅིན་(北京)གྲོང་ཁྱེར་གྱི་གོང་མའི་ཕོ་བྲང་དུ་ཡོད་པར་དེབ་དམར་འགྲེལ་བ་ལས་བཤད། འདི་ལ་མདོ་སྡེ་དྲིན་ལན་བསབ་པ་རྒྱ་ནག་གི་འགྱུར་ལས། སངས་རྒྱས་ཀྱིས་ཞག་དགུ་བཅུར་ལྷ་ཡུལ་དུ་ཡུམ་ལ་ཆོས་གསུངས། དེའི་བར་རྒྱལ་པོ་ཨུ་ཏྲ་ཡ་ན་ཡིད་སྐྱོ་བར་གྱུར་ནས་གླང་མགོའི་ཙན་དན་ལས་སངས་རྒྱས་ཀྱི་སྐུ་བཞེངས། ཞེས་གསུངས་པ་ལྟར་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་འདི་ཉིད་འཁྲུངས་ནས་ཞག་བདུན་ན་ཡུམ་སྒྱུ་མ་ལྷ་མཛེས་འདས་ནས་ལྷ་ཡུལ་དུ་སྐྱེས། ཕྱིས་སུ་སྟོན་པ་སངས་རྒྱས་ནས་ལོ་བརྒྱད་སོང་བ་ན་ཡུམ་ལ་དྲིན་ལན་བསབ་པའི་ཕྱིར་དུ་ཆོས་གསུང་པར་ཕེབས་ཏེ། ཟླ་བ་གསུམ་ལ་བཞུགས་པས་རྒྱལ་པོ་ཨུ་ཏྲ་ཡ་ནས་ཤིང་ཙན་དན་ལས་བཟོ་རྒྱལ་ལ་སངས་རྒྱས་ཀྱི་སྐུ་བཞེངས་སུ་བཅུག སངས་རྒྱས་ལྷ་ཡུལ་ནས་སླར་མི་ཡུལ་དུ་བྱོན་སྐབས་སུ་ཙན་དན་ཇོ་བོའི་སྐུ་དེ་བཞེངས་ནས་དངོས་སུ་གོམ་པ་ཁ་ཤས་བོར་ནས་སངས་རྒྱས་བསུ་བར་བྱས། དེ་ཚེ་སངས་རྒྱས་ཀྱིས་ཕྱག་གཡས་པ་ཙན་དན་ཇོ་བོའི་དབུ་ལ་བཞག་ནས། ང་མྱ་ངན་ལས་འདས་ནས་ལོ་སྟོང་ལོན་པའི་ཚེ། སྐུ་ཁྱོད་ཀྱིས་རྒྱ་ནག་གི་ཡུལ་དུ་སེམས་ཅན་གྱི་དོན་བྱེད་པར་འགྱུར་རོ། །^p37

ཞེས་ལུང་བསྟན་གནང་བ་ལྟར་ཕྱིས་སངས་རྒྱས་མྱ་ངན་ལས་འདས་རྗེས་རྒྱ་ནག་གི་ཡུལ་དུ་གདན་དྲངས་ཚུལ་རྒྱས་པ་ནི་རྒྱ་ནག་ཆོས་འབྱུང་དང༌། མཁན་ཆེན་ཤེས་རབ་ཡེ་ཤེས་ཀྱི་རྒྱ་ཡིག་བོད་དུ་བསྒྱུར་བ་སོགས་ལས་གསུངས་ཤིང༌། མདོར་ན་ཆིན་རྗེས་མའི་རྒྱལ་རབས་ཀྱི་རྒྱལ་པོ་ཡའོ་ཤིན་གྱི་ཁྲི་ལོ་གསུམ་པར་རྒྱལ་ས་ཁྲང་ཨན་(长安)དུ་གདན་དྲངས། དེ་ནས་དེང་སང་གི་ཧི་ནན་དང་ཅང་ནན་སོགས་བརྒྱུད་ནས་མན་ཇུའི་ཅིན་རྒྱལ་རབས་ཀྱི་དུས་དཀྱིལ་དུ་པེ་ཅིན་ཕོ་བྲང་དུ་གདན་དྲངས། འདིའི་ལོ་རྒྱུས་རྒྱས་པ་ལྕང་སྐྱ་རོལ་བའི་རྡོ་རྗེའི་ཙན་དན་ཇོ་བོའི་ལོ་རྒྱུས་དང་རྒྱའི་ཡིག་ཚང་རྣམས་ལས་ཤེས་པར་བྱའོ། །^p38

འདི་ལའང་ཆོས་འབྱུང་མཁས་པའི་དགའ་སྟོན་ལས། བཅོམ་ལྡན་འདས་དགུང་ལོ་སོ་དྲུག་ལ་སངས་རྒྱས་ནས་ལོ་བརྒྱད་ཡུམ་ལ་ཆོས་འཆད་པའི་དོན་དུ་ལྷ་ཡུལ་དུ་བྱོན། དེའི་ཤུལ་དུ་རྒྱལ་པོ་ཨུ་ཏྲ་ཡ་ན་བཅོམ་ལྡན་འདས་བལྟ་འདོད་པས་འཕགས་པ་མོའུ་འགལ་གྱི་བུ་སྤྱན་འདྲེན་དུ་བཏང་བས་དེས་ལྷ་ཡུལ་དུ་བཅོམ་ལྡན་འདས་ཀྱི་སྐུ་ཙན་དན་ལས་བཞེངས་ནས་མི་ཡུལ་དུ་སྤྱན་དྲངས་ཞེས་ཀྱང་བཤད་དོ། །^p39

དེ་བཞིན་སངས་རྒྱས་ཀྱི་ཚེམས་གདུང་(佛牙舍利)ཞེས་པ་ནི། བདག་ཅག་གི་འདྲེན་པ་བླ་ན་མེད་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དངོས་ཀྱི་ཚེམས་མཆེ་བ་དངོས་མི་ཡུལ་དུ་འགྲོ་དོན་མཛད་པ་དེ་ཡིན་ལ། དེང་སང་པེ་ཅིན་གྲོང་ཁྱེར་གྱི་ནུབ་རིའི་མཚམས་སུ་སྙན་གྲགས་ཆེ་བའི་རྒྱ་ནག་ལྕགས་རི་(万里长征)ཞེས་པའི་ཉེ་ཟུར་ན་ལིན་བཀང་སི་(灵光寺)ཞེས་གྲགས་པ་དེར་མཆོད་རྟེན་བང་རིམ་བཅུ་གསུམ་པའི་ནང་དུ་བཞུགས་སུ་གསོལ་ཡོད། དེ་ཡང་ཇི་སྐད་དུ། ལུང་ལས། སྐྱེས་མཆོག་དེ་ཡི་མཆེ་བ་བཞི་དག་ལས། །གཅིག་ནི་རྩ་གསུམ་ལྷ་ཡུལ་འཇིག་རྟེན་མཆོད། །གཉིས་པ་ཚིག་འཛིན་ཡིད་འོང་གྲོང་ཁྱེར་ན། །གསུམ་པ་ཀ་ལིང་རྒྱལ་པོའི་ཡུལ་ན་སྟེ། །སྐྱེས་མཆོག་དེ་ཡི་མཆེ་བ་བཞི་པ་ནི། །གྲོང་ཁྱེར་སྒྲ་སྒྲོག་ཀླུ་ཡི་རྒྱལ་པོས་མཆོད། །ཅེས་དང༌། མདོ་སྡེ་བསྐལ་པ་བཟང་པོ་ལས། དེ་བཞིན་གཤེགས་པའི་སྐུ་གདུང་ནི་རྒྱས་པར་འགྱུར་རོ། །ཞེས་གསུངས་པ་ལྟར། དེ་བཞིན་གཤེགས་པའི་མཆེ་བ་དང་པོ་སུམ་ཅུ་རྩ་གསུམ་དུ་ཚངས་པ་སོགས་ལྷ་རྣམས་ཀྱིས་གདན་དྲངས་བ་དང༌། གཉིས་པ་གྲོང་ཁྱེར་ཚིག་འཛིན་གྱི་རྒྱལ་པོ་སོགས་མི་རྣམས་ཀྱིས་གདན་དྲངས་ཤིང༌། གསུམ་པ་ཀ་ལིང་ཀའི་ཡུལ་གྱི་རྒྱལ་པོ་སོགས་སྲིན་པོ་རྣམས་ཀྱིས་གདན་དྲངས་བ་སྟེ། འདི་དེང་སང་གི་ཡ་གླིང་ལྷོ་མའི་རྒྱུད་ཧིན་དྷུ་རྒྱ་མཚོ་ཆེན་པོ་(印度洋)ཡི་ནང་དུ་ཡོད་པའི་གླིང་ཕྲན་རྒྱལ་ཁབ་ཆུང་ངུ་ཞིག་སྟེ་སིང་ག་ལའི་གླིང་(斯里兰卡)བྱའོ། །^p40

ཚེམས་འདི་དེང་སང་ཡང་དེར་ཡོད་པར་དགེ་འདུན་ཆོས་འཕེལ་གྱི་རྒྱ་གར་ལམ་ཡིག་ལས་གསུངས། སངས་རྒྱས་ཀྱི་ཚེམས་བཞི་པ་ནི་གྲོང་ཁྱེར་སྒྲ་སྒྲོག་གི་ཀླུའི་རྒྱལ་པོས་གདན་དྲངས་ནས་མཆོད་པར་བྱེད་ལ། དེ་བཞིན་དུ་སངས་རྒྱས་ཀྱི་རིང་བསྲེལ་ཡུལ་མ་གྷ་དྷའི་བྲེ་བོ་ཆེ་བརྒྱད་དང༌། མཆོད་རྟེན་ཆ་བརྒྱད་བཞེངས་པ་དང༌། ཆོས་རྒྱལ་མྱ་ངན་མེད་ཀྱིས་གནོད་སྦྱིན་ཁོལ་བོ་བསྒྲུབས་ནས་འཛམ་གླིང་གི་ས་གནས་བྱེ་བར་དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་བྱེ་བ་བཞེངས་པ་སོགས་ལོ་རྒྱུས་མང༌། འདི་ལ་རྒྱ་བོད་ཀྱི་ཆོས་འབྱུང་འགར་མཆོད་རྟེན་བརྒྱད་ཁྲི་བཞི་སྟོང་ཡང་གསུངས་སོ། །^p41

དེས་ན་འདིར་བཞུགས་པའི་ཚེམས་གདུང་དེ་ནི་གྲོང་ཁྱེར་ཚིག་འཛིན་གྱི་རྒྱལ་པོས་གདན་དྲངས་པ་དེ་ཕྱིས་སུ་པཱ་ཅིའི་སི་ཐན་(巴基斯坦) ཞེས་རྒྱ་གར་ནུབ་ཕྱོགས་རྒྱལ་ཁབ་དེ་བརྒྱུད་ནས་དེང་སང་གི་ཤིན་ཅང་དུ་གདན་དྲངས། དེ་ནས་དུས་རབས་ལྔ་པའི་ནང་དུ་སྔོན་གྱི་རྒྱ་ནག་རྒྱལ་ས་ནན་ཅིན་དང་ཁྲང་ཨན་སོགས་བརྒྱུད་ནས་པེ་ཅིན་དུ་གདན་དྲངས་པ་ད་ལྟའི་བར་དུ་བཞུགས་པའོ། །དེའི་རིང་ལའང་འབར་མ་(缅甸)དང་སིང་ག་ལ་རྒྱལ་ཁབ་ཀྱིས་གདན་དྲངས་ཏེ་ཞག་ཤས་རིང་ལ་མཆོད་པ་བྱས་ཏེ་སླར་རྒྱ་ནག་རང་དུ་སྐྱེལ་གནང་མཛད་ཚུལ་སོགས་གསུངས་ལ། མདོར་ན་ཚེམས་འདི་རྒྱ་ནག་ཏུ་གདན་དྲངས་ནས་ལོ་སྟོང་ཕྲག་གཅིག་དང་ལྔ་བརྒྱ་ལྷག་ཡིན་ནོ། །^p42

ཡང་སངས་རྒྱས་ཚེམས་གདུང་གི་ངོ་སྤྲོད་བསྡུས་པ་རྒྱ་ཡིག་དང་དབྱིན་ཡིག་ལས་ནི། སངས་རྒྱས་མྱ་ངན་ལས་འདས་རྗེས་མི་ཡུལ་དུ་ཚེམས་མཆེ་བ་གཉིས་དད་པའི་རྟེན་ལ་བཞག་སྟེ། གཅིག་ནི་སིང་ག་ལའི་རྒྱལ་ཁབ་ན་བཞུགས། གཅིག་ནི་པཱ་ཅིའི་སི་ཐན་སོགས་རྒྱལ་ཁབ་གཞན་བརྒྱུད་ནས་ད་ལྟའི་ཚེམས་འདི་ཡིན་པར་བཤད་ལ།^p43

མདོར་ན་ཚེམས་འདི་ད་ལྟ་གོང་དུ་བཤད་པའི་མཆོད་རྟེན་ཟུར་བརྒྱད་བང་རིམ་བཅུ་གསུམ་པ། ཕལ་ཆེར་རྡོ་རིན་པོ་ཆེ་ཀ་མ་རུ་ལས་གྲུབ་པ་མཐོ་དམན་ལ་ཁྲུ་བརྒྱ་དང་ལྔ་བཅུ་ལྷག་ཡོད་པའི་ནང་ན། ཙན་དན་དམར་པོའི་ཁྲི་སྟེང་དུ་གསེར་ཁོ་ན་ལས་གྲུབ་པའི་མཆོད་རྟེན་ཆུང་ངུ་མི་འབྲིང་པོའི་ཁྲུ་གསུམ་ལྷག་ཡོད་པའི་བུམ་སྒོའི་ནང་དུ་གསེར་གྱི་མེ་ཏོག་འདབ་འཕྲེང་འཛུམ་པའི་དབུས་ན་བཞག་ཡོད། འདིའི་མདུན་ཕྱོགས་ནས་བལྟས་ན་སངས་རྒྱས་ཀྱི་ཚེམས་རིན་པོ་ཆེ་འདི་གསལ་བོར་མཇལ་ཐུབ། གསེར་གྱི་མཆོད་རྟེན་འདི་ལྷད་མེད་ཀྱི་འཛམ་བུའི་ཆུ་གསེར་སྤྱི་རྒྱ་བརྒྱ་དང་སུམ་ཅུའམ། རྒྱ་མ་ཉིས་བརྒྱ་དྲུག་ཅུ་ལྷག་གིས་བཞེངས་པར་བཤད། གསེར་གདུང་འདིའི་འདབས་སུ་གསེར་གྱི་སེང་གེ་དང་ལཉྩ་རྡོ་རྗེ་དང་པདྨ་སོགས་མཛེས་པའི་རི་མོ་སྣ་ཚོགས་ལ་ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲ་ཡིས་བརྒྱན་ཏེ་ཆེས་ཆེར་ཡིད་དབང་འཕྲོག་པ་ཞིག་འདུག་ཅིང༌། ཁྱད་པར་དུ་འདིའི་རྩེ་ན་རིན་པོ་ཆེ་ངོ་མཚར་ཅན་ཞིག་ཡོད་པ་དེ་ནི་རྒྱ་ནག་རྒྱལ་པོ་ཞིག་གི་མ་ཡུམ་གྱི་རྟེན་བཞག་ཡིན་པས་གསེར་གྱི་མཆོད་རྟེན་ཆ་ཚང་གི་རིན་ཐང་ལས་ཀྱང་ཆེ་བར་བཤད་དོ། །^p44

མཆོད་རྟེན་འདིའི་ཕྱོགས་བཞི་ན་གསེར་གྱི་མཆོད་རྟེན་དེ་ལས་ཆུང་བ་བཞི་ཡང་ཡོད། དེས་ན་སྙིགས་མ་ལྔ་ཆེས་ཆེར་བདོ་བའི་སྐབས་འདིར་བདག་ཅག་ལ་སངས་རྒྱས་དངོས་ཀྱི་ཞལ་མཇལ་བའི་སྐལ་བ་དམན་ཡང༌། སངས་རྒྱས་དངོས་ཀྱི་ཚེམས་གདུང་རིན་པོ་ཆེ་འདི་ཉིད་བཞུགས་པ་དང་མཇལ་བ་ཡང་ཆེས་སྐལ་བ་བཟང་པོ་ཡིན་ལ། རབ་བྱུང་བཅུ་བདུན་པའི་ཐོག་མར་འབྱུང་བ་སུམ་ལྡན་མེ་མོ་ཡོས་ཀྱི་ལོའི་ནག་པ་ཟླ་བའི་ཚེས་བཅོ་ལྔ་དུས་ཆེན་སུམ་འཛོམས་ཀྱི་ཉིན་དེར། རྟེན་མཆོག་འདིའི་དྲུང་དུ་པཎ་ཆེན་སྐུ་ཕྲེང་བཅུ་པ་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་མཚན་དང་བསྟན་པའི་མངའ་བདག་སྐྱབས་རྗེ་ཡིད་བཞིན་ནོར་བུ་གཉིས་མཉམ་དུ་བྱོན་ནས་ཁྲིམས་ལྡན་འདུས་པའི་ཚོགས་དང་བཅས་ཏེ། རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཐུགས་རྒྱུད་བསྐུལ་བ་དང༌། རྒྱལ་བའི་བསྟན་པ་རིན་པོ་ཆེ་རྒྱས་པའི་སྨོན་ལམ་སོགས་གསུངས་ཏེ་རབ་གནས་དང་རྟེན་བཞུགས་མཛད་དོ། །^p45

དེ་ལྟར་ཚེམས་གདུང་རིན་པོ་ཆེ་བཞུགས་པའི་རྒྱ་ནག་རྒྱལ་ས་པེ་ཅིན་ལ་ནི་ཁྲིན་ཏུའུ་ནས་སྤྱི་ལེ་སྟོང་ཕྲག་གཉིས་དང་ཞེ་བརྒྱད་ཡོད་པས་མེ་འཁོར་དུ་བསྡད་ན་ཉིན་ཞག་བཞི་འགོར། གནམ་གྲུའི་ནང་ནས་སོང་ན་ཆུ་ཚོད་གཉིས་ཙམ་གྱིས་སླེབ་ཐུབ། དེ་དག་ཞར་ལ་འཕྲོས་པའོ། །^p46

གཉིས་པ་སྐབས་དོན་རི་བོ་རྩེ་ལྔའི་གནས་ཀྱི་བཀོད་པ་རྒྱས་པར་བཤད་པ་ལ། ཞིང་མཆོག་རི་བོ་རྩེ་ལྔ་འདིར་རྗེ་བཙུན་འཇམ་པའི་དབྱངས་དང་པཎ་ཆེན་བི་མ་མི་ཏྲ་དངོས་སུ་བཞུགས་ཚུལ་ལུང་གིས་བསྒྲུབས་པ་དང༌། གནས་འདིར་ལྷགས་ན་འཇམ་དཔལ་དབྱངས་ཇི་ལྟར་མཇལ་ཚུལ་དང༌། གནས་འདིའི་རྟེན་བརྟེན་པའི་བཀོད་པ་གླེང་བའོ། །དང་པོ་ལའང་གཉིས་ལས། དང་པོ་གནས་མཆོག་རི་བོ་རྩེ་ལྔའི་ཞིང་ཁམས་འདིར་འཕགས་བོད་མཁས་གྲུབ་ཡོངས་ཀྱི་ལྷག་པའི་ལྷ་མཆོག་རྒྱལ་སྲས་འཇམ་དཔལ་གཞོན་ནུ་ད་ལྟའང་དངོས་སུ་བཞུགས་ཚུལ་ནི། གཟུངས་རིན་པོ་ཆེའི་གཏེར་མཛོད་དམ་མཚན་གཞན་འཇམ་པའི་དབྱངས་ཀྱི་གཟུངས་སྔགས་དཔའ་བོ་ཡི་གེ་བརྒྱ་བའི་ཆོ་ག་ཞིབ་མོ་ཞེས་བྱ་བ་ལས། དེ་ནས་བཅོམ་ལྡན་འདས་ཀྱིས་གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། ང་ཉིད་མྱ་ངན་འདས་པའི་འོག་ཏུ། བྱང་ཤར་གྱི་མཚམས་སུ་མ་ཧཱ་ཙི་ན་ཞེས་བྱ་བའི་ཡུལ་ཆེན་པོ་ཡོད་པ་དེར་ལྷུན་པོ་རྩེ་མོ་ལྔ་པ་ཞེས་བྱ་བའི་རི་བོ་ཡོད་ལ། དེ་ན་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་སྤྱོད་ལམ་ཅི་བདེ་བའི་ཚུལ་གྱིས་གནས་ཏེ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར། དམ་པའི་ཆོས་རབ་ཏུ་སྟོན་ཅིང་རྒྱ་ཆེར་འཆད་པར་འགྱུར་རོ། །^p47

ལྷ་དང་ཀླུ་ལ་སོགས་པ་སྣང་སྲིད་དྲེགས་པ་སྡེ་བརྒྱད་དཔག་ཏུ་མེད་པའི་འཁོར་གྱིས་ཡོངས་སུ་བསྐོར་ཞིང་མཆོད་པ་དང་བཀུར་སྟི་དང་རིམ་གྲོ་བྱེད་པར་འགྱུར་རོ། །ཞེས་དང༌། ཤིན་ཏུ་རྒྱས་པའི་སྡེ་སྣོད་སངས་རྒྱས་ཕལ་པོ་ཆེའི་རྒྱ་ནག་མའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཞུགས་གནས་ལུང་བསྟན་པའི་ལེའུ་ལས། བྱང་ཤར་གྱི་མཚམས་ན་རི་བོ་དྭངས་བསིལ་(清凉山)ཞེས་བྱ་བ། བསྐལ་བ་དང་པོའི་དུས་ནས་བྱང་ཆུབ་སེམས་དཔའི་ཚོགས་ཡང་དག་པར་འདུ་བའི་གནས་ཡིན་ཏེ། ད་ལྟ་ཡང་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་རང་གི་འཁོར་བྱང་ཆུབ་སེམས་དཔའ་སྟོང་ཕྲག་བཅུའི་ཚོགས་དང་བཅས་ཏེ་ས་གནས་དེར་རྟག་ཏུ་གནས་ཤིང༌། དམ་པའི་ཆོས་རྒྱ་ཆེར་སྟོན་བཞིན་བཞུགས་སོ། །ཞེས་གསུངས་པའི་རི་བོ་དྭངས་བསིལ་ཞེས་པ་འདི་རི་བོ་རྩེ་ལྔའི་མིང་གི་རྣམ་གྲངས་ཡིན་པའི་རྒྱུ་མཚན་འོག་ཏུ་འཆད་དོ། །^p48

ཡང་ཆོས་འབྱུང་མཁས་པའི་དགའ་སྟོན་དུ་འཇམ་དཔལ་རྩ་རྒྱུད་ཀྱི་ལུང་དྲངས་ཏེ། འཇམ་པའི་དབྱངས་ནི་འོད་པོ་ཆེ། །མངོན་སུམ་དེ་ཡི་ཡུལ་དག་ན། །བྱིས་པའི་གཟུགས་ཀྱིས་བཞུགས་པ་ཡིན། །ཞེས་རི་བོ་རྩེ་ལྔ་ལ་འཇམ་དཔལ་དངོས་སུ་བཞུགས་པ་དང༌། གླང་ཆེན་འགྱིང་རི་ལ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་རིན་པོ་ཆེ་སྨུག་པོ་ལས་རང་བྱུང་དུ་བཞུགས་ཤིང་ལོངས་སྤྱོད་རྣམ་ཐོས་སྲས་ལྟ་བུའི་ཡུལ་ལོ། །ཞེས་དང༌། ལྕང་སྐྱའི་དཀར་ཆག་ལས་ཀྱང་དེ་ལྟར་གསུངས་ཤིང༌།^p49

ཡང་པདྨ་བཀའ་ཡི་ཐང་ཡིག་ལས། ཨོ་རྒྱན་སློབ་དཔོན་པདྨའི་ཞལ་སྔ་ནས་རྒྱ་ནག་ཡུལ་བྱོན་པཎྜི་ཏ་རྣམས་ལ༔ རྒྱ་ནག་རི་བོ་རྩེ་ལྔ་ཞེས་བྱ་དེའི༔ རི་རེར་མིང་རེ་ཡོད་པས་ཤོད་ཅེས་གསུངས༔ སློབ་དཔོན་ཧ་ར་ནག་པོའི་ཞལ་ན་རེ༔ རྒྱ་ནག་ཝིའུ་དེ་ཤན་(五台山)བྱ་བ་ལ༔ རི་བོ་རྩེ་མོ་ལྔ་རུ་ཡོད་པ་ལས༔ དབུས་ཀྱི་རི་བོ་རྩེ་ལ་བེ་ཏ་ཙེ་ཞེས་ཟེར༔ དེ་ན་འཇམ་དཔལ་གཞོན་ནུར་གྱུར་པ་བཞུགས༔ ཤར་ཕྱོགས་ཨ་ཁྲ་དྷུ་རིའི་རྩེ་ཞེས་ཟེར༔ དེ་ན་འཇམ་དཔལ་ཡེ་ཤེས་སེམས་དཔའ་བཞུགས༔ ལྷོ་ཕྱོགས་དྷ་ན་རི་ཡི་རྩེ་ཞེས་ཟེར༔ དེ་ཡི་རྩེ་ལ་འཇམ་དཔལ་རྣོན་པོ་བཞུགས༔ ནུབ་ཕྱོགས་ཨ་པ་རི་ཡི་རྩེ་ཞེས་ཟེར༔ དེ་ན་འཇམ་དཔལ་སྨྲ་བའི་སེང་གེ་བཞུགས༔ བྱང་ཕྱོགས་སུག་ཏ་ཨ་ཁྲོ་རི་ཡི་རྩེ༔ དེ་ན་འཇམ་དཔལ་དྲི་མ་མེད་པ་བཞུགས༔ ཞེས་པ་ལྟར་དྭངས་བསིལ་རི་བོའི་རྣམ་བཤད་ལས་ཀྱང་འཇམ་དཔལ་རིགས་ལྔའི་ཞིང་ཁམས་སུ་གསུངས།^p50

ཡང་གསོལ་འདེབས་ལེའུ་བདུན་པ་ལས་ཀྱང་། རྒྱ་ནག་རི་བོ་རྩེ་ལྔའི་ཕོ་བྲང་ནས༔ སངས་རྒྱས་སྐུ་ཡི་སྤྲུལ་པ་འཇམ་པའི་དབྱངས༔ སྟེང་འོག་ཕྱོགས་བཞིར་སྐུ་ཡིས་འགྲོ་དོན་མཛད༔ སྐུ་ཡི་བྱང་ཆུབ་སེམས་དཔའི་འཁོར་གྱིས་བསྐོར༔ འཕགས་པ་འཇམ་དཔལ་གྱི་ལྷ་ཚོགས་ལ་གསོལ་བ་འདེབས༔ ཞེས་སོགས་གསུངས་པ་དང༌། དེ་བཞིན་དུ་འཇམ་དཔལ་སྒྲུབ་ཐབས་བྱིན་རླབས་ཆར་འབེབས་ལས་ཀྱང༌། གནས་ཆེན་རི་བོ་རྩེ་ལྔ་ནས། །ཁྲི་ཕྲག་འཁོར་གྱིས་བསྐོར་བ་ཡི། །འཇམ་དཔལ་ཡེ་ཤེས་སེམས་དཔའི་ཚོགས། །འདིར་བྱོན་སྐལ་ལྡན་བྱིན་གྱིས་རློབས། །ཞེས་དང༌།^p51

རྙིང་རྒྱུད་ཀྱི་ལོ་རྒྱུས་ལས། འཇམ་དཔལ་བཤེས་གཉེན་གྱི་སློབ་མ་སངས་རྒྱས་ཡེ་ཤེས་ལ་དེ་ཁོ་ན་ཉིད་རྟོགས་པར་འདོད་ན་འཕགས་པ་འཇམ་དཔལ་ལ་དྲིས་ཤིག་ཅེས་ལུང་བསྟན་པས། འོ་ན་འཇམ་དཔལ་རི་བོ་རྩེ་ལྔར་བཞུགས་པས་དེར་འགྲོ་དགོས་དགོངས་ཏེ་སོང་བ་ན་ཞེས་སོགས་ཆེས་མང་ངོ༌། །དེ་བཞིན་རྙིང་མ་དང༌། དགེ་ལྡན་ས་སྐྱ་སོགས་ཀྱི་བསྟན་པའི་བདག་པོ་རྣམས་ཀྱང་གནས་འདིར་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ངོ་བོར་བཞུགས་ཏེ་བསྟན་པ་སྐྱོང་བར་གསུངས་ཏེ་རིམ་བཞིན་དུ། སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེ་ལྷ་ཡི་རྔ་བོ་ཆེ་ལྟ་བུའི་གཏམ་ལས། སློབ་དཔོན་དགའ་རབ་རྡོ་རྗེ། སྤྲུལ་པའི་དགེ་སློང་ཨ་དཀར་མ་ཏི། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། རྒྱལ་སྲས་ལྷ་རྗེ། ཡར་རྗེ་ཨོ་རྒྱན་གླིང་པ། ཀུན་མཁྱེན་དྲི་མེད་འོད་ཟེར། མངའ་རིས་པཎ་ཆེན་སོགས་དང༌། ཁྱད་པར་དུ་ལྔ་བརྒྱ་པ་རྣམས་ཀྱི་གཙུག་གི་ནོར་བུ་སློབ་དཔོན་དྲི་མེད་བཤེས་གཉེན་པཎ་ཆེན་བི་མ་མི་ཏྲ་ཟག་པ་དང་བྲལ་བའི་སྐུ་དེ་ཉིད་ཀྱིས་འཁོར་བ་མ་སྟོང་བར་འཕགས་པ་འཇམ་དཔལ་བྱིས་པ་གཞོན་ནུའི་ཚུལ་གྱིས་ཆོས་སྟོན་པའི་གནས་རི་བོ་ཆེན་པོ་འུ་ཐའི་ཤན་(五台山)དུ་བཞུགས་པ་ལས་ལོ་བརྒྱ་བརྒྱ་རེ་ན་བོད་ཀྱི་ལྗོངས་སུ་ཉིད་ཀྱི་སྤྲུལ་པ་རེ་བྱོན་ནས་སྙིང་ཐིག་གི་བསྟན་པ་ཉམས་པ་གསོ་ཞིང༌། འཁྲུལ་བའི་དྲི་མ་རྣམས་དག་པར་མཛད་པ་ཞལ་གྱིས་བཞེས་པ་བཞིན་ཡུལ་དབུས་འགྱུར་ལྷོ་ཕྱོགས་ཀྱི་རྒྱུད་དུ་རང་བྱུང་རྡོ་རྗེ་འཇིགས་མེད་གླིང་པ་ཞེས་མཚན་གྱི་ཡི་གེ་རྣམ་པར་གསལ་བ་ཞིག་བྱུང་བར་གྱུར་ཏོ། །^p52

ཞེས་པའི་དོན་འོག་ཏུའང་སྟོན་པ་ལྟར་དང༌། རྗེ་ཙོང་ཁ་བའི་རྣམ་ཐར་ནོར་བུའི་ཕྲེང་བ་ལས། རྗེ་བླ་མ་འདས་རྗེས་མཁས་གྲུབ་རྗེས་གསོལ་བ་བཏབ་པས། རྗེ་བླ་མ་སྤྲིན་དཀར་ཕང་ཕུང་བ་ཞིག་གི་དབུས་སུ་སྔར་གྱི་རབ་ཏུ་བྱུང་བའི་ཆ་ལུགས་སུ་བྱོན་ནས། བུ་ད་ནི་མྱུར་དུ་འོང་བའི་གྲབས་གྱིས། བདག་གིས་བསུ་མཁན་གཏོང་གསུངས་པ་ལ། རྗེ་བླ་མ་ད་ལྟ་གང་དུ་བཞུགས་པ་ལགས། བདག་ཀྱང་དེར་འོང་བ་ཡིན་ཞུས་པས། སྤྱིར་ངའི་སྤྲུལ་པ་མཁའ་སྤྱོད་དགའ་ལྡན། འཛམ་བུ་གླིང་ལ་སོགས་པར་མང་པོ་ཡོད་པ་ཡིན། ད་ལྟ་རྒྱ་ནག་རི་བོ་རྩེ་ལྔར་དགེ་སློང་རྡོ་རྗེ་འཛིན་པ་སྟོང་བརྒྱད་བརྒྱ་ཙམ་རེ་ལ་སྔ་དྲོ་དབུ་མ་དང་ལམ་རིམ། ཕྱི་དྲོ་གསང་བདེ་འཇིགས་གསུམ་གྱི་བསྐྱེད་རྫོགས་འཆད་བཞིན་ཡོད། ཁྱོད་རང་ཡང་དེར་འོང་བའི་སྨོན་ལམ་ཤུགས་དྲག་ལ་རྒྱུན་རིང་བ་ཐོབ་དང༌། རིང་པོར་མི་ཐོགས་པར་འཕྲད་པ་ཡིན་ནོ་གསུངས། གདུལ་བྱ་གཞན་ཡང་ཞིང་དེར་སྐྱེ་བའི་རྒྱུ་ཚོགས་ཇི་ལྟར་ལ་འབད་དགོས་སོགས་བཀའ་འདྲི་ཞུས་པར་ཞལ་གདམས་ཀྱང་དུ་མ་ཞིག་གསུངས། ཞེས་དང༌།^p53

གཙང་ནག་པ་འཇམ་དབྱངས་ཤེས་རབ་འོད་ཟེར་གྱི་རྣམ་ཐར་ལས། ཁོང་གི་རྨི་ལམ་ཟིན་ནས་ནམ་མཁར་འཕུར་ནས་ཤར་ཕྱོགས་སུ་ཕྱིན་པ་ན། རྒྱ་ཡི་རི་བོ་རྩེ་ལྔ་ཡིན་ཟེར་བའི་སྤང་རི་བཟང་པོ་ཤིན་ཏུ་ཡིད་དུ་འོང་བ་ཞིག་གི་སྟེང་ན་གནས་གཞི་བཟང་པོ་ལྟ་བུའི་ལྷ་ཁང་ཞིག་སྣང༌། རྗེ་བཙུན་འཇམ་དབྱངས་ཀྱི་ཕོ་བྲང་ཡིན་སྙམ་ནས་མཐའ་བསྐོར་ཞིང་གསོལ་བ་བཏབ་པས་ཡུན་རིང་དུ་སྒོ་མ་རྙེད། མཐར་ཤར་ཕྱོགས་ནས་སྒོ་གཅིག་ཕྱེ་ནས་ནང་དུ་ཕྱིན་པར་གཙུག་ལག་ཁང་ཤིན་ཏུ་བཟང་པོ་ཞིག་འདུག དེའི་དབུས་ན་རིན་པོ་ཆེའི་ཁྲི་ཆེན་པོ་གཅིག་གི་སྟེང་ན་བླ་མ་ཆོས་རྗེ་ས་སྐྱ་པ་ཞལ་བྱང་དུ་བསྟན་ནས་བཞུགས་འདུག འདི་ཉིད་རྗེ་བཙུན་འཇམ་པའི་དབྱངས་ཉིད་ཡིན་སྙམ་ནས་ཕྱག་དང་སྐོར་བ་མང་དུ་བྱས་ཤིང་གསོལ་བ་བཏབ་པས་གསུང་ནི་མ་འབྱོན། དར་གྱི་ན་བཟའ་མང་པོ་ཞིག་གིས་དྲིལ་བའི་གླེགས་བམ་གཅིག་གནང་ནས་བལྟས་པས་གསེར་གྱི་མཚན་བརྗོད་ཅིག་འདུག་པ་རྨིས། དེ་ནས་ཡུན་རིང་དུ་ཉིན་པར་སྟོང་ཉིད་ཀྱི་དོན་ལ་བློ་གྲོས་འཇུག་པ་དང་མཚན་མོ་རྨི་ལམ་བཟང་པོ་མང་དུ་བྱུང༌། ཞེས་གསུངས་སོ། །^p54

གཞན་ཡང་ས་པཎ་གྱི་རྣམ་ཐར་ལས་ནི། གཞན་ཡང་ས་སྐྱ་པཎ་ཆེན་ལིང་ཆུ་རྩེ་ཁབ་ཏུ་བཞུགས་ཏེ། ཆོས་གསུངས་པའི་ཚེ་མི་མང་པོ་ཞིག་རི་བོ་རྩེ་ལྔ་ལ་མཆོད་པ་ལ་ཕྱིན་པས་ཐམས་ཅད་ཀྱི་རྨི་ལམ་དུ། ད་ལྟ་རི་བོ་རྩེ་ལྔ་ན་འཇམ་དཔལ་མི་བཞུགས། ལིང་ཆུ་རྩེ་ཁབ་ན་ཆོས་གསུང་གིན་ཡོད་ཟེར་བ་མཐུན་པར་རྨིས་ཏེ། སད་པ་ན་མི་རྣམས་ཐེ་ཚོམ་མེད་པར་འོངས་པས། ཆོས་རྗེ་ཉིད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་གསུངས་པ་དང་མཇལ་ཏེ་ཆོས་ཐོབ་བོ། །ཞེས་སོ། །^p55

གཞན་ཡང་སྤྱིར་རྗེ་བཙུན་འཇམ་པའི་དབྱངས་ནི་འཕགས་བོད་མཁས་གྲུབ་ཐམས་ཅད་ཀྱི་ལྷག་པའི་ལྷ་ཡིན་ཞིང་ཁྱད་པར་དུ་རིག་འཛིན་གོང་མ་བགྲང་ལས་འདས་པ་ཞིག་གནས་ཆེན་འདི་ལ་འབྲེལ་ཏེ་དངོས་གྲུབ་ཐོབ་ཅིང་བསྟན་འགྲོའི་དོན་བསྒྲུབས་པ་ཡིན་ཏེ། སློབ་དཔོན་ཤྲཱི་སེང་ཧ་ནི་སྙིང་ཐིག་ལོ་རྒྱུས་ཆེན་པོའི་སྨད་ཆ་ལས། སློབ་དཔོན་ཤྲཱི་སེང་ཧ་རི་བོ་རྩེ་ལྔར་ཕྱིན་ནས་སློབ་དཔོན་བྷེ་ལ་ཀ་ཏི་ཞེས་བྱ་བར་ལོ་བདུན་གྱི་རིང་ལ་གསང་སྔགས་ཕྱི་ནང་དུ་གྲགས་པའི་རྒྱུད་ལུང་མན་ངག་རྣམས་བསླབས་པ་དང༌། རི་བོ་རྩེ་ལྔའི་ཤར་ན་ཁྲུས་ཀྱི་རྫིང་བུ་དལ་ཞིང་འཇམ་པའི་ནང་དུ་ཁྲུས་བྱེད་ཚེ། ཐུགས་རྗེ་ཆེན་པོས་ལུང་བསྟན་པ་བཞིན་རྒྱ་གར་དུ་ཕྱིན་ནས་ལོ་ཉེར་ལྔར་འཇམ་དཔལ་བཤེས་གཉེན་བསྟེན། ཞེས་དང༌།^p56

གཞན་ཡང་རྒྱུད་འབུམ་དཀར་ཆག་ལས་ཀྱང་ད་དུང་འབྲས་བུ་བླ་མེད་ཉིད་གོ་སླ་བའི་ཕྱིར་གསང་སྔགས་ཀྱི་རྒྱུད་གཞན་ལའང་མཁས་པར་བྱ་སྙམ་དུ་དགོངས་ཏེ། རི་བོ་རྩེ་ལྔར་གདོལ་བའི་རིགས་ཀྱི་སློབ་དཔོན་བྷེ་ལ་ཀིརྟིར་གསང་སྔགས་ཕྱི་ནང་གི་ཆོས་མ་ལུས་པ་གསན་ཅིང་ཉམས་འོག་ཏུ་ཆུད་པར་མཛད། ཅེས་སོ། །^p57

དེ་བཞིན་སློབ་དཔོན་ཡེ་ཤེས་མདོ་དང་བི་མ་མི་ཏྲ་ནི། རྒྱུད་འབུམ་རིན་པོ་ཆེའི་ལྷ་ཡི་རྔ་བོ་ཆེ་ལྟ་བུའི་གཏམ་ལས། བི་མ་མི་ཏྲ་དང་ཡེ་ཤེས་མདོ་གཉིས་ལ་རྡོ་རྗེ་སེམས་དཔའ་མངོན་སུམ་དུ་བྱོན་ནས། ཀྱེ་རིགས་ཀྱི་བུ་གཉིས་སྐྱེ་བ་ལྔ་བརྒྱར་པཎྜི་ཏའི་ལུས་བླངས་ཤིང་དམ་པའི་ཆོས་སྤྱད་ཀྱང་འབྲས་བུ་སྔར་ཡང་མ་ཐོབ། ད་ཡང་མི་ཐོབ་པས་ཚེ་འདི་ཉིད་ཀྱིས་ཟག་བཅས་ཀྱི་ཕུང་པོ་མི་སྣང་བར་འཚང་རྒྱ་བར་འདོད་ན་རྒྱ་ནག་པོའི་བྱང་ཆུབ་ཤིང་དྲུང་གི་ལྷ་ཁང་དུ་སོང་ཞིག ཅེས་ལུང་བསྟན་པས་བི་མ་མི་ཏྲ་དེ་ཉིད་དུ་ལྷུང་བཟེད་བླངས་ཏེ་བྱོན་པས་སློབ་དཔོན་ཤྲཱི་སེང་ཧ་དང་མཇལ་ཞིང་ལོ་ཉི་ཤུའི་རིང་ལ་སྙན་བརྒྱུད་ཕྱི་ནང་གསང་གསུམ་གྱི་གདམས་པ་མ་ལུས་པ་བསྩལ་མོད་ཀྱི། འོན་ཀྱང་དེ་དག་གི་དཔེ་ནི་མ་གནང༌། དེ་ནས་བི་མ་ལ་ཐུགས་ཚིམས་ཏེ་སླར་རྒྱ་གར་དུ་བྱོན་ནས་ཛྙ་ན་སཱུ་ཏྲ་ལ་ལོ་རྒྱུས་དེ་ལྟར་བསྙད་པས། ཁོང་ཉིད་ཀྱང་འབད་རྩོལ་ཆེན་པོས་རྒྱ་ནག་ཏུ་བྱོན་ནས་མཁའ་འགྲོས་ལུང་བསྟན་པ་བཞིན་དུར་ཁྲོད་ཆེན་པོ་བསིལ་སྦྱིན་དུ་སློབ་དཔོན་དང་མཇལ། ལོ་གསུམ་ལ་བླ་མའི་བྱ་བ་ཅི་རིགས་པས་མཉེས་པར་མཛད་ཅིང་མཐར་གསེར་གྱི་མཎྜལ་ཕུལ་ནས་གདམས་པ་གནང་བར་ཞུས་པས། ལོ་དགུའི་བར་སྙན་བརྒྱུད་ཀྱི་གདམས་པ་དཔེ་དང་བཅས་པ་གནང༌། ཞེས་གསུངས་ཤིང་། དེ་ལྟར་བསྟན་པའི་རྒྱ་ནག་པོའི་དུར་ཁྲོད་བསིལ་སྦྱིན་ཞེས་པ་དེ་ནི། ད་ལྟ་རི་བོ་རྩེ་ལྔའི་ནོར་བཟང་ཕུག་གི་ཉེ་ཟུར་ན་ས་འོག་ཐམས་ཅད་ཀེང་རུས་ཀྱིས་ཁྱབ་ཅིང་རྒྱ་དང་སོག་པོའི་དུར་སྒམ་བགྲང་ལས་འདས་པ་ཡོད་པ་དེ་ལ་རྒྱ་བོད་མཁས་གྲུབ་རྣམས་ཀྱིས་ངོས་འཛིན་པར་འདུག འདི་ལ་རྒྱ་ནག་གི་སྐད་དོད་ལྟར་དུ་ཆིན་ལིང་སི་ལེན་(清凉尸林)ཞེས་གྲགས།^p58

ཡང་དེ་ཉིད་ལས། མཐར་སློབ་དཔོན་ཤྲཱི་སེང་ཧ་མྱ་ངན་ལས་འདས་ནས་ཡེ་ཤེས་མདོའི་ནམ་མཁར་བཞུགས་ཏེ་གཟེར་བུ་བདུན་གྱི་ཞལ་ཆེམས་ཕྱག་ཏུ་དབབ་པ་དང༌། སྙིང་ཐིག་གསང་བའི་མན་ངག་གི་དཔེ་རྣམས་བཀྲ་ཤིས་ཁྲི་སྒོའི་ཀ་བའི་ནང་དུ་ཡོད་པས་དེ་ལོངས་ལ་དུར་ཁྲོད་བྷ་སིང་དུ་སོང་ཞེས་ལུང་བསྟན་པ་བཞིན་དུ་བྱས། དེ་ལྟར་གསུངས་པའི་བཀྲ་ཤིས་ཁྲི་སྒོ་ནི་དེང་སང་གི་རྒྱ་བཟའ་ཀོང་ཇོའི་འཁྲུངས་ཡུལ་ཤིས་ཨན་གྲོང་ཁྱེར་(西安)ཏེ་ད་ལྟ་སངས་རྒྱས་ཀྱི་རིང་བསྲེལ་མང་པོ་གསར་དུ་བྱུང་བའི་ཕྱོགས་དེ་ཡིན་ནོ། །^p59

ཡང་གཏེར་ཁ་འོག་མར་གྲགས་པའི་བདག་ཉིད་ཆེན་པོ་གུ་རུ་ཆོས་ཀྱི་དབང་ཕྱུག་གི་གཏེར་མའི་ལོ་རྒྱུས་ལས། གུ་རུ་ཆོས་ཀྱི་དབང་ཕྱུག་དགུང་ལོ་བཅོ་བརྒྱད་ཀྱི་སྐབས་ནུབ་ཅིག་རྨི་ལམ་དུ་རྒྱ་ནག་རི་བོ་རྩེ་ལྔར་མེ་ཏོག་ཨུཏྤལ་འཚོལ་དུ་ཕྱིན་པས་ཨུཏྤལ་སྔོན་པོའི་སྟེང་ནས་འཕགས་པ་འཇམ་པའི་དབྱངས་ཀྱིས། ཛྙ་ན་ཀ་ཡ་དྷརྨ་དྷཱ་ཏུ། ཆོས་ཀྱི་དབང་ཕྱུག་ང་ཡིན་ནོ། །ང་ནི་ཁྱོད་ཀྱི་སེམས་རྟོག་གོ །སེམས་རྟོག་པ་ནི་ཆོས་ཀྱི་སྒོ་བསམ་གྱིས་མི་ཁྱབ་བོ། །ཆོས་ཀྱི་སྒོ་བསམ་གྱིས་མི་ཁྱབ་པའི་དོན་ནི་རང་བྱུང་གི་ཡེ་ཤེས་ཐིག་ལེ་ཉག་གཅིག་གོ །ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་གི་དོན་ཁྱོད་ལ་བཤད་ཟིན་གྱིས། དེའི་དོན་ལ་དཔྱོད་ཅིག ཅེས་གསུངས་པའི་མོད་ལ་མནལ་སད་པས་ཆོས་ཐམས་ཅད་ཐོབ་པའི་ངེས་ཤེས་རྙེད།^p60

དེ་བཞིན་དུ་ཁྲག་འཐུང་བདུད་འདུལ་རྡོ་རྗེའི་རྟོགས་བརྗོད་གསལ་བའི་མེ་ལོང་ལས། ཁོང་ལོ་ཉེར་གཅིག་གི་སྐབས་སུ་ཧོར་ཟླ་བདུན་པའི་ཚེས་བཅོ་བརྒྱད་ཀྱི་ནུབ་མོ་རྨི་ལམ་དུ། ཐམས་ཅད་རྣམ་དག་མཁའ་སྤྱོད་བདེ་བ་ཆེན་པོའི་ཞིང་དུ་སྣང་ཚེ། མི་དཀར་ལྟ་བས་ཆོག་མི་ཤེས་པ་ཤྭ་བ་ཞོན་པ་ཞིག་འོངས་ནས། རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་ཞིང་ཁམས་རྒྱ་ནག་རི་བོ་རྩེ་ལྔའམ་བོ་ཐེ་ཧྲན་དུ་འགྲོ་ཟེར་བས་དེ་དང་བསྡེབས་ནས་སོང་བ་ན། རི་བོ་གཅིག་ལ་རྩེ་མོ་ལྔ་ཡོད་པ་ལས་ཤིན་ཏུ་མཐོ་བའི་དབུས་རིའི་རྩེ་མོར་སླེབས་བྱུང༌། དེ་ནས་མི་དཀར་པོ་དུང་གི་མདོག་ཅན་དེས། ཁྱོད་ཀྱིས་ལྟོས་དང་ཞེས་ཤར་ཕྱོགས་དང་ནུབ་ཕྱོགས། ལྷོ་དང་བྱང་ཕྱོགས་ཀྱི་མཐོང་སྣང་སྣ་ཚོགས་བསྟན་ཏོ། །^p61

དེ་ཚེ་ལྷ་ཕྲུག་གཉིས་དང་མཇལ་ཏེ། ཀྱཻ། ཉོན་དང་གཞོན་ནུ་རིག་པ་ཅན། །ང་ངོ་ཁྱོད་ཀྱིས་མ་ཤེས་ན། །ང་ལྷ་ཕྲུག་དུང་གི་ཟུར་ཕུད་ཡིན། །སྲིང་མོ་མི་མིན་ཟི་ལེ་ཡིན། །ཞེས་སོགས་ནས། ངེད་མིང་སྲིང་ནམ་མཁའི་དབྱིངས་སུ་འགྲོ། །མི་ཁྱོད་ཀྱང་སྲིད་པའི་ཡུལ་དུ་སོང༌། །ཁྱོད་བདེ་ཆེན་པདྨ་བཀོད་ཞིང་དུ། །ངེད་མིང་སྲིང་བསུ་མར་སླེབ་ངེས་ཡིན། །ཞེས་ཟེར་བས་གཉིད་སད་པར་གསུངས།^p62

དེ་བཞིན་སྐྱབས་རྗེ་ཡིད་བཞིན་ནོར་བུ་ཡང་གསེར་ལྗོངས་བླ་མ་རུང་ན་བཞུགས་སྐབས་རྨི་ལམ་སྤྲུལ་བསྒྱུར་ལ་བརྟེན་ནས། རི་བོ་རྩེའི་ལྔའི་གནས་འདིར་ལན་གསུམ་ཐོན་པར་གསུངས་ཏེ། ཐེངས་གཅིག་ཤར་རིའི་འདབས་སུ་བཱི་མའི་གླིང་གི་རི་ཞོལ་ནས་ཤིང་རྩ་ཞིག་ཏུ་འདྲ་སྐུ་སོགས་དང་མཇལ། ཐེངས་གཅིག་ཉིན་ཕྱོགས་གད་པ་མང་པོ་ཡོད་སར་ཐོན། ཡང་ཐེངས་གཅིག་གྲོང་མཐའི་སྤང་ལྗོངས་ཤིག་ཏུ་ཐོན་ཏེ། ཕྱིས་དངོས་སུ་བྱོན་སྐབས་རྗེ་ཉིད་ཀྱིས་འདིར་ཐོན་མྱོང་ཞེས་ས་གནས་དེར་དབང་སྡུད་གསོལ་འདེབས་སོགས་གསུངས་ཤིང༌།^p63

གཞན་ཡང་གནས་འདིར་སློབ་དཔོན་ཆེན་པོ་ཛ་ཡ་ཨཱནནྟ་བྱོན་ཚུལ་ནི། དཔའ་བོ་གཙུག་ལག་ཕྲེང་བས། ཛ་ཡ་ཨཱནནྟ་འདི་བོད་དུ་བྱོན། བ་ཚབ་ཀྱིས་ལོ་ཙཱ་བ་བྱས་ཏེ་ཕྱ་བ་དང་དབུ་མ་ཐལ་རང་གྲུབ་མཐའ་བརྩད་པས་པཎྜི་ཏས་མ་ཐུབ། སླར་རྒྱ་ནག་རི་བོ་རྩེ་ལྔར་བྱོན་ནས་འཇམ་དཔལ་བསྒྲུབས། རི་བོ་རྩེ་ལྔའི་འདབས་སུ་འཇུག་པའི་རྒྱས་འགྲེལ་རྟོག་གེ་ཐོ་བ་མཛད་ནས་སླར་རྩོད་པ་ལ་བྱོན་དུས་ཕྱ་བ་གཤེགས། པ་ཚབ་ཀྱི་བུ་བཞི་སོགས་ནས་དབུ་མ་ཐལ་འགྱུར་བ་བོད་དུ་དར་བར་མཛད་དོ། །ཞེས་སོ། །^p64

ཡང་འཇམ་མགོན་ས་པཎ་གནས་འདིར་བྱོན་ཚུལ་ཡང༌། གདུང་རབས་ངོ་མཚར་བང་མཛོད་ལས། ས་སྐྱ་པཎ་ཆེན་རྒྱ་ནག་རི་བོ་རྩེ་ལྔར་བྱོན་ནས་དེ་ན་གནས་པའི་རྟོགས་ལྡན་རྒྱན་པོ་ཞེས་བྱ་བ་ལ། བཅོམ་ལྡན་འདས་ཀྱེ་རྡོ་རྗེ་ཌོམྦི་ལུགས་ཀྱི་དཀྱིལ་འཁོར་དུ་མངོན་པར་དབང་བསྐུར་བ་སྔོན་དུ་འགྲོ་བ་ཅན་གྱི་རྗེ་བཙུན་བདག་མེད་མའི་སིན་དྷུ་རའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་པ་དང༌། དེའི་རྗེས་སུ་རྫོགས་རིམ་ཟབ་མོ་བསམ་གྱིས་མི་ཁྱབ་པའི་མན་ངག་བྱིན་ཏེ་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ངོ་སྤྲོད་པར་བྱེད་པའི་གདམས་པ་ཟབ་མོ་གནང་ནས་རྒྱུད་གྲོལ་བར་མཛད་པ་ཡིན་ཏེ།^p65

གདམས་པ་དེ་ཉིད་ལས། རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྣམ་འཕྲུལ་ཆོས་རྗེ་ས་སྐྱ་པཎྜི་ཏ་ཆེན་པོ་རྒྱ་ནག་རི་བོ་རྩེ་ལྔར་ཕེབས་ནས་བཞུགས་པའི་ཚེ་ཞེས་སོགས་ནས། རྟོགས་ལྡན་ཁྱེད་ཀྱིས་འདི་དག་ཐུགས་ལ་ཞོག་ལ་སྒྲུབ་པ་མཛོད་དང་ཕན་ཐོགས་པ་ཆེན་པོ་ཞིག་འོང་གསུངས་ནས་ཆེད་གཉེར་མཛད་ཅིང༌། རྟོགས་ལྡན་རྒྱན་པོ་ལ་གདམས་པ་ཕྱག་རྒྱ་ཆེན་པོའི་མིག་ཐུར་ཞེས་བྱ་བ་ཆོས་རྗེ་པའི་གསུང་ལ་བི་ཇིས་རི་བོ་རྩེ་ལྔར་བྲིས་པའོ། །ཞེས་གསུངས་པ་སོགས་ཀྱང་མཆིས། འདི་ཡན་ཆོད་རྗེ་བཙུན་འཇམ་པའི་དབྱངས་རི་བོ་རྩེ་ལྔར་བཞུགས་པར་ལུང་གིས་བསྒྲུབས་པའི་སྐོར་ལས་འཕྲོས་ཏེ་ཅུང་ཟད་གླེང་བའོ། །^p66

འགའ་རེས་དེ་ལྟར་འཇམ་དཔལ་དབྱངས་དངོས་སུ་རི་བོ་རྩེ་ལྔར་བཞུགས་མོད། འོན་ཀྱང་ཐུགས་རྗེ་ལ་ཉེ་རིང་མེད་དོ་སྙམ་ན། དེ་ལྟ་ན་སྔོན་བྱོན་དམ་པ་རྣམས་གནས་འདིར་དཀའ་ཚེགས་ཆེན་པོས་ལན་མང་དུ་ཕེབས་པ་དོན་མེད་དུ་ཐལ་ཞིང༌། གཞན་ཡང་ཇི་སྐད་དུ། གཞན་གྱི་གནས་སུ་ལོ་གཅིག་བསྒྲུབས་པ་ལས། །འདི་དག་རྣམས་སུ་ཞག་གཅིག་སྒྲུབ་པ་གཅེས། །ཞེས་གནས་ཀྱི་བྱིན་རླབས་ཁྱད་དུ་འཕགས་ཚུལ་གསུངས་པ་རྣམས་ཀྱང་འགྲེལ་དཀའ་བར་འགྱུར་རོ། །^p67

གཉིས་པ་ནི། པཎྜི་ཏ་ཆེན་པོ་བཱི་མ་ལ་མི་ཏྲ་ཡང་འཇའ་ལུས་འཕོ་ཆེན་འོད་ཀྱི་སྐུ་རུ་སྨིན་ནས། རྒྱ་ནག་རི་བོ་རྩེ་ལྔའི་གནས་འདིར་བསྐལ་བ་མ་ཞིག་བར་དུ་དངོས་སུ་བཞུགས་ཤིང༌། ལོ་བརྒྱ་རེ་ན་བོད་དུ་སྤྲུལ་བ་རེ་བྱོན་པར་ཞལ་གྱིས་བཞེས་ནས་བསྐལ་བཟང་སངས་རྒྱས་སྟོང་གི་རྗེས་སུ། སླར་རྒྱ་གར་རྡོ་རྗེ་གདན་དུ་བྱོན་ནས་འཚང་རྒྱ་བར་གསུངས་ཏེ། སྙིང་ཐིག་ལོ་རྒྱུས་ཆེན་མོའི་བླ་མ་ཡང་ཏིག་གི་སྐབས་ལས། དེ་ནས་གདམས་པའི་གནད་རྣམས་གཅིག་ཏུ་བསྡུས་པ། ཟབ་མོའི་པོ་ཏི་བཞི་ནི་མཆིམས་ཕུ་བྲག་དམར་དགེ་གོང་དུ་གཏེར་དུ་སྦས་ནས། རྒྱ་ནག་པོའི་རི་བོ་རྩེ་ལྔར་གཤེགས་སོ། །བསྐལ་བ་མ་ཞིག་གི་བར་དུ་བཞུགས་པ་ཡིན་ནོ། །ཞེས་དང༌།^p68

ཡང་ཀུན་མཁྱེན་བླ་མའི་སྔགས་ཀྱི་སྤྱི་དོན་ཚངས་དབྱངས་འབྲུག་སྒྲ་ལས། བཱི་མ་ལ་རྒྱ་གར་ན་བཞུགས་དུས། བོད་ཡུལ་ན་རྒྱལ་པོའི་བླ་མཆོད་ཉིང་ཏིང་འཛིན་བཟང་པོ་ཞེས་བྱ་བ་ཤའི་སྤྱན་གྱིས་གླིང་བཞི་དུས་གཅིག་ལ་གཟིགས་པ་ཞིག་ཡོད་པ། དེས་པཎ་ཆེན་གྱི་ཡོན་ཏན་གཟིགས་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ་རྒྱུ་མཚན་ཞུས་ཏེ། རྒྱལ་པོས་རྒྱ་གར་རྒྱལ་པོ་ལ་གསེར་གྱི་འབུལ་བ་བསྐུར་ནས་ཕོ་ཉ་བརྫངས། བཱི་མ་ལ་མི་ཏྲ་དཔོན་གཡོག་གིས་རྒྱལ་པོ་དང་པཎྜི་ཏ་རྣམས་ལ་ཞུ་བ་ཕུལ་བ། བདག་བོད་དུ་མཆིས་ཕན་ཆོད། བོད་དུ་སྔོན་ཆད་ཡོངས་སུ་མ་གྲགས་པའི་ཆོས་སྐོར་ཞིག་བསྒྱུར་དགོས་བྱས་པས། པཎྜི་ཏ་རྣམས་ན་རེ། རྡོ་རྗེ་གདན་གྱི་འོག་ན་མན་ངག་གི་ཆོས་སྦས་ནས་ཡོད་པ་དེ་འོ་སྐོལ་རྒྱ་གར་ལ་སྤྱོད་དབང་མེད་ན་ཡང༌། ཁྱོད་བོད་དུ་འགྲོ་བ་ལ་ཤིན་ཏུ་ཡུས་ཆེ་བ་ཡིན་པས་ཇི་ལྟར་རིགས་པ་ཐོན་ལ་ཁྱེར་ཟེར་བས། བཱི་མ་ལ་དཔོན་གཡོག་གིས་ཆོས་མ་ལུས་པ་སྤྱན་དྲངས་ནས་རྒྱ་གར་གྱི་དཔེ་རྩ་ཆད་ཅེས་གྲགས། བཱི་མ་ལ་བསམ་ཡས་སུ་ཕེབས། མདོ་སྔགས་སྤྱི་དང༌། ཁྱད་པར་ཐེག་དགུ། རྫོགས་ཆེན་གྱི་རྒྱུད་སྡེ་གསུམ་གྱི་ཆོས་མཐའ་དག་བསྒྱུར་ནས། མཐར་རྒྱ་ནག་རི་བོ་རྩེ་ལྔར་སངས་རྒྱས་སྟོང་གི་བསྟན་པ་གནས་ཀྱི་བར་དུ་བཞུགས་ཤིང་ལོ་བརྒྱ་ན་སྤྲུལ་བ་རེ་བོད་དུ་བྱོན་པར་ཞལ་གྱིས་བཞེས་པ་ཡིན་ནོ། །ཞེས་དང༌།^p69

གསང་སྔགས་རྙིང་མའི་ཆོས་འབྱུང་ལས། བཱི་མ་ལས་གསང་བ་སྙིང་ཐིག་གི་སྐོར་རྣམས་མཆིམས་ཕུའི་དགེ་གོང་དུ་བོད་ཡིག་ཏུ་བསྒྱུར་ནས་སྦས། ཐིག་ལེའི་སྐོར་གྱི་རྒྱུད་ལུང་མན་ངག་གི་རྒྱ་དཔེ་རྣམས་མ་འོངས་པ་ན་ཚོང་འདུས་ཀྱི་འོ་མ་ལྟར་བསླད་ཅིང་ཉམས་འགྲོ་བར་གཟིགས་ནས་ཞུ་དག་གི་ཐེབས་སུ་སྦས། དེ་ལྟར་ལོ་བཅུ་གསུམ་ལ་བོད་དུ་བཞུགས་ནས་ལོ་བརྒྱ་དང་བཅུ་གསུམ་བཞེས་ཚེ། རྒྱ་ནག་ཏུ་གཤེགས་ཏེ་བསྟན་པ་ཇི་སྲིད་གནས་ཀྱི་བར་ལ་སྐུ་དེ་ཉིད་མ་བསྡུས་པར་བཞུགས་པ་ཡིན་ལ། ལོ་བརྒྱ་བརྒྱ་ན་བོད་དུ་སྐུའི་བཀོད་པ་འབྱུང་ལ། འདིས་དགའ་རབ་རྡོ་རྗེ་ལ་ལན་བདུན་དུ་མཇལ་ནས་གསན་ཞིང་མ་འོངས་པར་བསྟན་པའི་བཙས་འཇིག་རྟེན་གཞན་དུ་འཕོས་པའི་ཚེ་རྡོ་རྗེ་གདན་དུ་འོད་ཀྱི་སྐུ་ཡལ་བར་འགྱུར་རོ། །ཞེས་སོ། །^p70

གཉིས་པ་ནི་རྒྱ་ནག་རི་བོ་རྩེ་ལྔའི་གནས་འདིར་ཐོན་པའི་དད་ལྡན་སྐྱེ་བོ་མཆོག་དམན་རབ་འབྲིང་སུ་ཡིན་ཡང་རང་རང་གི་ཁམས་དབང་མོས་པ་བསམ་པའི་བྱེ་བྲག་གི་རིམ་པ་དང་འཚམ་པའི་མགོན་པོ་འཇམ་པའི་དབྱངས་ཀྱི་ཞལ་མངོན་སུམ་དུ་མཇལ་ཐུབ་པ་ལ་བསླུ་བ་མེད་ཅིང༌། ཞལ་མཇལ་ཚུལ་ཡང་དབང་པོ་རབ་ལ་འཇམ་དཔལ་དངོས་སུ་སྣང་སྟེ་དབང་བསྐུར་གདམས་པ་ནོད་ཅིང་ཆོས་ཀྱི་བགྲོ་གླེང་བྱ་བ་སོགས་དང༌། གཞན་རྣམས་ལའང་སེམས་ཅན་རང་རང་གི་དད་པ་དག་སྣང་དང་ལས་སྒྲིབ་སྲབ་འཐུག་གི་དབང་གིས་གང་ལ་གང་འདུལ་གྱི་སྒོ་ནས་རྣམ་པ་སྣ་ཚོགས་ཀྱི་གཟུགས་སུ་སྣང་བ་ཡིན་ཏེ། ལྷ་མོ་དྲི་མ་མེད་པའི་འོད་ཀྱིས་ཞུས་པའི་མདོ་ལས། འཇམ་དཔལ་གྱི་སྤྱོད་པ་ཇི་ལྟ་བུ་ཞེ་ན། ཐམས་ཅད་དུ་འདོད་དགུར་བསྒྱུར་བའི་གཟུགས་ཅན་ཡིན་ཏེ། བྱང་ཆུབ་སེམས་དཔའི་གཟུགས་དང་རྒྱལ་པོ་རྒྱལ་མོ་དགེ་སློང་བྲམ་ཟེ་ལ་སོགས་འདོད་པའི་ཁམས་སུ་གཏོགས་པའི་སེམས་ཅན་རྣམས་ཀྱི་གཟུགས་ཐམས་ཅད་དུ་འཇུག་པ་སྟེ། རོལ་མོ་མཁན་ལ་རོལ་མོའི་གནས་ལ་མཁས་པའི་གཟུགས་སྣ་ཚོགས་སྟོན་པ་བཞིན་ནོ། །^p71

གཞན་ཡང་དེ་ལས་ཆགས་ལྡན་གྱི་སེམས་ཅན་ལ་བུད་མེད་ཀྱི་གཟུགས་སྟོན་པ་ཞེས་སོགས་གསུངས་པ་ལྟར་དུ་རྒྱལ་པོ་དང་རྒྱལ་མོ་དགེ་ཚུལ་སློང་བྲམ་ཟེ་དང༌། རྒྱ་དང་བོད། སོག་པོ། རྒན་པ་དང་གཞོན་ནུ་སོགས་མི་དང་མི་མིན་གྱི་གཟུགས་སུ་སྤྲུལ་ནས་ཞལ་སྟོན་པ་ཡིན། དེ་ཡང་གནས་འདིར་ལྷགས་པའི་དད་ལྡན་རྣམས་ཀྱིས་དང་པོ་ཉིད་ནས་མི་དང་མི་མིན་གྱི་གཟུགས་སུ་གང་སྣང་ཐམས་ཅད་འཇམ་དཔལ་གྱི་སྤྲུལ་བ་ཡིན་ནོ་སྙམ་དུ་དག་སྣང་མ་བྱས་ན་ངོས་ཟིན་པར་དཀའ་སྟེ། སྔོན་སོག་པོའི་དགེ་བཤེས་ཞིག་གིས་ཁོང་གི་སློབ་མ་ཞིག་ལ། ཁྱོད་རྒྱ་ནག་རི་བོ་རྩེ་ལྔ་ལ་སོང་དང་འཕགས་པ་འཇམ་དཔལ་གྱི་ཞལ་མཇལ་གྱི། བདག་གིས་ཁྱོད་ལ་ཕན་མི་ཐོགས་སོ་ཞེས་གསུངས་པས། སློབ་མ་དེ་རི་བོ་རྩེ་ལྔར་སོང་ནས་བསྒྲུབས་པ་བྱས་ཀྱང་འཇམ་དཔལ་གྱི་ཞལ་ཅི་ཡང་མ་མཇལ་བར་སླར་འོངས་ནས་རྒྱ་ནག་གླང་ཆེན་འགྱིང་རི་ལ་ཕྱིན་པ་ན། ཁང་ཆེན་ཞིག་ཏུ་རྒྱ་ངོ་མི་ཤེས་པ་མང་པོས་ཟས་ཟ་བར་མཐོང༌། ཁོང་དེར་ཕྱིན་ནས་ཟ་མ་བསླངས་པ་ན་སུས་ཀྱང་ལན་ཡང་མི་སྟེར་བར་ལུས་ཤིང༌། དེ་ནས་ཁང་ཕུག་ན་རྒྱ་དཔོན་ཞིག་བཞུགས་པ་དེས་འདིར་ཤོག་ཅེས་ལག་བརྡ་བྱས་པས་ཁོང་འགྲོ་ཕོད་མི་ཕོད་བྱས་ཏེ་དེའི་དྲུང་དུ་སོང་བ་ན། གསོལ་ལྷག་མང་དུ་གནང་ནས་ཁྱོད་གང་ནས་འོང་བ་ཡིན། ད་གང་དུ་འགྲོ་དྲིས་པས། བདག་རི་བོ་རྩེ་ལྔར་འཇམ་དཔལ་དབྱངས་ཀྱི་ཞལ་མཇལ་དུ་རེ་ནས་སོང་ཡང༌། ཞལ་མཇལ་མ་ཐུབ་པར་ད་ཕྱིར་འགྲོ་བ་ཡིན་ཞེས་སོགས་རྒྱུ་མཚན་ཐམས་ཅད་ཞུས་པས། དེ་ནས་རྒྱ་དཔོན་གྱིས་ད་ཁྱོད་རང་ཕ་ཡུལ་དུ་འགྲོ་ན་འདི་ནས་ཕར་སོང་བའི་ལམ་ན་ཡ་ཇི་ཞེས་པའི་གྲོང་ཁྱེར་ཞིག་ཡོད། དེ་ན་ད་ཤིས་ཟེར་བ་ཞིག་ཡོད་པས་དེ་ལ་ཡི་གེ་འདི་བྱིན་ཅིག་ཅེས་ཡི་གེ་ཤོག་དྲིལ་ཞིག་བསྐུར་ཞིང༌། ལམ་རྒྱགས་ཀྱི་ཟས་ཀྱང་མང་དུ་གནང༌། ཁོང་གིས་ཡི་གེ་དེ་ཁྱེར་ནས་ཡ་ཇི་གྲོང་ཁྱེར་དུ་སོང་ནས་ད་ཤིས་གར་ཡོད་དྲིས་པ་ན་སུས་ཀྱང་མ་ཤེས། སླར་ཡང་ཡང་རྩད་ཆོད་བྱས་པ་ན་མི་ད་ཤིས་ཟེར་བ་ཞིག་མ་རྙེད། དེ་ཚེ་མི་ཞིག་གིས་སྨྲས་པ། འདི་ན་ཕག་རྒན་ད་ཤིས་ཞེས་བྱ་བ་སེམས་ཅན་ལ་བྱམས་པ་ཞིག་ཡོད་ཀྱི། དེ་ལས་གཞན་ནི་ད་ཤིས་ཞེས་བྱ་བ་སུ་ཡང་མེད་དོ་བྱས་པས། དེ་ཡིན་ནམ་སྙམ་ནས་དེ་སྟོན་དུ་བཅུག་སྟེ་ཕག་རྒན་གྱི་ཐད་དུ་སོང་ནས་ཡི་གེ་དེའི་མདུན་དུ་འཕངས་པ་ན། ཕག་རྒན་གྱི་སྣ་ཡིས་ཡི་གེ་ཤོག་དྲིལ་བཤིགས་ནས་ཅུང་ཟད་བལྟས་ཏེ་མྱུར་དུ་ཚེ་འཕོས་པར་གྱུར། ཁོང་ངོ་མཚར་ཏེ་ཡི་གེ་ལ་བལྟས་པ་ན། ཡི་གེའི་ནང་དུ། བྱང་ཆུབ་སེམས་དཔའ་ད་ཤིས་ལ་སྤྲིངས་པ། ཁྱོད་འདི་ནས་དུད་འགྲོའི་ལུས་རྟེན་ལ་འགྲོ་དོན་རེ་ཞིག་རྫོགས་ཀྱི། ད་ཤར་ཕྱོགས་སུ་སོང་ནས་སྤྱོད་ཡུལ་གཞན་གྱིས་ཤིག འཇམ་དཔལ་ནས་བྲིས། ཞེས་པ་འདུག་པས་ཁོང་གིས་སྔར་གྱི་རྒྱ་དཔོན་དེ་འཇམ་དཔལ་དབྱངས་ཡིན་པར་ཤེས་ནས་སླར་མྱུར་དུ་ལོག་ནས་བལྟས་ཀྱང་ཐམས་ཅད་ཅི་ཡང་མ་མཐོང་མོད། འོན་ཀྱང་བླ་མ་དེས་རྗེ་བཙུན་འཇམ་པའི་དབྱངས་མཇལ་བའི་བྱིན་རླབས་ཀྱིས་མཐར་གྲུབ་པ་ཐོབ་པར་གསུངས།^p72

དེ་བཞིན་འཇམ་དཔལ་དབྱངས་ཐེངས་རེ་རྒན་པོའི་གཟུགས་སུ་མཇལ་ཏེ། སྔོན་ཝེ་རྒྱལ་རབས་རྗེས་མའི་སྐབས་སུ་ཧེན་ཀྲུའུ་(恒州)ཕྱོགས་ནས་འོང་བའི་ཉམས་ཆེན་ཞེས་པའི་རྔོན་པ་ཞིག་གིས་མི་བཞི་ཁྲིད་དེ་རི་བོ་རྩེ་ལྔར་ཐོན་སྐབས། གློ་བུར་དུ་ཤྭ་བ་དཀར་པོ་ཞིག་མཐོང༌། ཁོང་ཅག་གིས་དེ་གསོད་སྙམ་དུ་རྗེས་སུ་བསྙེགས་པ་ན་དེ་ར་བ་ཞིག་གི་ནང་དུ་བྲོས་སོང༌། དེར་ཕྱིན་པས་རྒན་པོ་མགོ་དཀར་ལག་རྟེན་རིང་པོ་ཅན་ཞིག་འོངས་ནས། ཁྱེད་ཅག་གིས་ང་ཡི་ཤྭ་བ་བདའ་བར་བྱས་ནས་ཅི་བྱེད་ཅེས་སྨྲས་པས། དེ་དག་གིས་སྨྲས་པ། ངེད་རྣམས་ཀྱིས་ཤྭ་བ་མ་བསད་ན་ལམ་རྒྱགས་མེད་པས་ལྟོགས་གྲིར་འཆི་ཉེན་པས་ཐབས་མ་རྙེད་པ་ཡིན་ཞེས་བྱས་པས། རྒན་པོས་ལག་རྟེན་གྱིས་ཤར་ཕྱོགས་སུ་བརྡ་བྱས་ནས་ཤིང་ཐོག་ཡོད་པས་དེ་ཟོ་ཞིག་ཟེར་ནས་རྒན་པོ་དང་ར་བ་ཡང་མི་སྣང་བར་གྱུར་སོང༌། ཁོང་རྣམས་ངོ་མཚར་ཏེ་ཤར་ཕྱོགས་དེར་སོང་བ་ན་ཤིང་ཐོག་ཆེས་མང་པོ་ཡོད་ཀྱང་མཚོན་དང་ལག་པས་ཇི་ལྟར་བྱས་ཀྱང་མ་ཆོད། དེ་ཚེ་འཇམ་དཔལ་དབྱངས་ཀྱི་ཆོ་འཕྲུལ་ཡིན་པར་ཤེས་ནས། དེ་ནས་བཟུང་རྔོན་མི་བྱེད་པའི་ཁས་ལེན་བྱས་སོ། །དེ་མ་ཐག་ཏུ་ཤིང་ཐོག་རྣམས་རང་ཤུགས་ཀྱིས་འཐོར་འོང་བས། དེ་ཚེ་དགའ་སྟེ་མྱུར་དུ་ཟོས་པ་ན། སྔོན་རྟག་ཏུ་རྔོན་བྱེད་པའི་སྡིག་ཆེན་དེ་ལ་ཤིང་ཐོག་ཐམས་ཅད་རིགས་གཅིག་ཡིན་ཡང་ཐམས་ཅད་རོ་ཁ་བར་སྣང་ཞིང༌། གཞན་རྣམས་ལའང་སྡིག་པ་ཆེ་ཆུང་གི་རིམ་བཞིན་དུ་རོ་སྐྱུར་བ་དང་མངར་བ་སོགས་མངོན་སུམ་དུ་མྱོང་བས། དེ་དག་གིས་ལས་རྒྱུ་འབྲས་ལ་ཡིད་ཆེས་རྙེད་ཅིང་ལས་ཀྱི་རྣམ་སྨིན་མྱོང་བར་ཤེས་ཏེ་འཇམ་དཔལ་དབྱངས་ལ་ཆེས་དད་པར་གྱུར། ཁོང་ཅག་གིས་ཟོས་རྗེས་ཤིང་ཐོག་སོགས་ཀྱང་མི་སྣང་བས་འཇམ་དཔལ་གྱིས་ཟས་གནང་བར་ཤེས། དེས་ན་རྒན་པོ་ནི་འཇམ་དཔལ་དང་ཤྭ་བ་ནི་དེའི་སེང་གེ་ཡིན་ནོ། །^p73

ཡང་འཇམ་དཔལ་ཐེངས་རེ་མི་མཛེས་པའི་གཟུགས་སུ་མཇལ་ཏེ། སྔོན་ཏེན་ཀྲུའུ་ཕྱོགས་ནས་བྱོན་པའི་བླ་མ་མིན་བཤེའུ་(明勖)ཞེས་པས་འཇམ་དཔལ་དབྱངས་ཀྱི་ཞལ་མཇལ་དུ་རེ་ནས་རི་བོ་རྩེ་ལྔར་ཕེབས་ཏེ་རྩེ་གཅིག་ཏུ་གསོལ་བ་བཏབ་པས། ཉིན་ཞིག་ཁོང་གི་མདུན་ཕྱོགས་ནས་གློ་བུར་དུ་ངོ་མི་ཤེས་པའི་གྲྭ་བ་རྐང་པ་གཉིས་ལ་རིང་ཐུང་ཅན། མིག་གཉིས་ཆེ་ཆུང་དང༌། སྣ་བུག་གཉིས་ཀ་གྱེན་དུ་བརྫེས་པ་ཞིག་དང་འཕྲད་བྱུང༌། ཁོང་གིས་ཕྱག་གཉིས་ཐལ་མོ་སྦྱར་ཏེ། འཕགས་པ་ཁྱེད་ཉིད་གང་ནས་འོང༌། འཇམ་དཔལ་གང་དུ་བཞུགས། ཞེས་དྲིས་པ་ན། དེས་ཀྱང་ལན་དུ་དེ་ལྟར་བྱས། ཉིན་མང་པོར་མཉམ་དུ་བསྡད། ཉིན་ཞིག་ཁོང་གཉིས་ཤར་རིའི་འདབས་སུ་ཐོན་སྐབས་ཤིག་ལ་གྲྭ་བ་དེ་གློ་བུར་འགྱེལ་ནས་ཁྲག་མང་པོ་བསྐྱུགས་པས་ཁོང་གིས་མྱུར་དུ་དེ་ཡར་ལ་བསྐྱོར་ནས་ཡོད་སྐབས། གློ་བུར་དུ་དེའི་ཉེ་གམ་ནས་དགོན་པ་ཞིག་སྣང་ཞིང༌། དེའི་ནང་ནས་གྲྭ་བཙུན་མང་པོ་ཞིག་འོངས་ནས་ཁོང་གཉིས་དགོན་ནང་དུ་བསུས། དེར་སངས་རྒྱས་ཀྱི་ལྷ་ཁང་དང་འཇམ་དཔལ་ལྷ་ཁང་ངོ་མཚར་ཅན་ཞིག་མཇལ། དེར་ཁང་པ་ཞིག་ཏུ་ནད་པ་དང་ཁོང་གཉིས་བཞག་ནས་གྲྭ་བཙུན་རྣམས་གཞན་དུ་ཆོས་འཚོགས་ལ་ཕྱིན་སོང༌།^p74

དེ་ནས་མུན་ཡང་རུབ་ཏུ་ཉེ་བ་ན་ནད་པའི་ཁ་ནས་སླར་ཡང་ཁྲག་དང་རྣག་མང་པོ་རྒྱུན་མི་ཆད་པར་བསྐྱུགས་པས་ཁང་པའི་ནང་ཐམས་ཅད་ཀྱང་རྣག་གི་དྲི་ངན་གྱིས་ཁྱབ། དེ་ཚེ་ནད་པས་སྨྲས་པ། ཁྱོད་བཀའ་དྲིན་ཆེ་བྱུང༌། ང་རང་གི་ནད་འདིས་ནི་ཤི་ཡང་མི་ཐུབ། གསོན་ཡང་མི་ཐུབ་པས་འདི་ལྟར་རྟག་ཏུ་ན་བཞིན་ཡོད། ད་ནི་ཁྱེད་ཉིད་བྱོན་དང་ཆོག་གི་ཞེས་གསུངས། མིན་བཤེའུ་ཡིས་ད་དུང་མི་འགྲོ་སྨྲས་ཀྱང༌། སླར་ཡང་ནད་པས། ཁྱེད་ཀྱིས་འཇམ་དཔལ་དབྱངས་མཇལ་ཤས་ཆེ་བས། ང་རང་འདིར་སྐྱུར་ལ་བྱོན་འཚལ། ཞེས་ཡང་ཡང་སྨྲས་པས། འོ་ན་ང་རང་ཅུང་ཟད་ཙམ་ཕྱི་རོལ་དུ་སོང་ནས་འཇམ་དཔལ་མཇལ་རྗེས་ཁྱོད་ལ་ནད་གཡོག་བྱེད་ཅེས་སྨྲས་ཏེ་ཁོ་རང་གིས་ལག་རྟེན་བཟུང་ནས་དགོན་པའི་སྒོ་ནས་ཕྱིར་ཐོན་སྐབས་སྔོན་དང་མི་འདྲ་བའི་བདེ་སྟོང་གི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེས། དེ་ཚེ་གློ་བུར་དུ་སྒྲ་ཞིག་གྲགས་པས་ཕྱིར་བལྟས་པ་ན། དགོན་པ་དང་ལྷ་ཁང་སོགས་ཀྱང་མི་སྣང་བར་གྱུར་ཅིང༌། རྒྱང་རིང་པོའི་སྤྲིན་གསེབ་ན་འཇམ་དཔལ་དབྱངས་དངོས་སུ་སེང་གེ་ལ་ཆིབས་ཏེ་བྱོན་སོང༌། དེ་ཚེ་ཁོང་ཤིན་ཏུ་འགྱོད་དེ་ལག་པས་བྲང་ལ་རྡུང་བཞིན་གདུང་དབྱངས་ཀྱིས་གསོལ་བ་བཏབ་པ་དང་ཕྱག་མང་པོ་འཚལ་བ་ན། སླར་ནམ་མཁའ་ནས་ཞལ་གདམས་ཚིགས་སུ་བཅད་པ་གསུངས་ཏེ་ཐམས་ཅད་མི་སྣང་བར་གྱུར་ཏོ། །^p75

ཡང་རྒྱ་ནག་གི་བཙུན་པ་ཞིག་གིས་མདོ་སྡེ་ཕལ་པོ་ཆེའི་ཚིག་དོན་མང་པོ་མ་ཤེས་པར་མཁས་པ་མང་པོར་དྲིས་ཀྱང་སྒྲོ་འདོགས་མ་ཆོད་པས། དཀའ་ཚེགས་ཆེན་པོས་རི་བོ་རྩེ་ལྔར་བྱོན་ནས་འཇམ་དཔལ་ལ་གསོལ་བ་བཏབ་པས། ཉིན་ཞིག་ནམ་མཁའི་ཁམས་ནས་འཇམ་དཔལ་དངོས་སུ་སྣང་སྟེ་ཆོས་གསུངས་པས་སྒྲོ་འདོགས་ཆོད་ཅིང་ཡིད་ཚིམས་ཏེ་སླར་ལོག་པར་གསུངས་སོ། །^p76

སྤྱིར་རི་བོ་རྩེ་ལྔའི་གནས་འདིར་འོང་བའི་སྐྱེ་བོ་སུ་ཡིན་ཡང༌། འཇམ་དཔལ་དབྱངས་ཉིད་ཀྱིས་སྤྱི་ལེ་སྟོང་ནས་བསུ་ཞིང་བརྒྱད་བརྒྱ་ལ་སྐྱེལ་(接一千送八百)བར་ཞལ་གྱིས་བཞེས་པར་གསུངས་ཤིང༌། རྒྱ་ནག་གི་གྲུབ་ཐོབ་ཆེན་པོ་བཤེའུ་ཡོན་(虚云)བླ་མའི་རྣམ་ཐར་ལས། ཁོང་རི་བོ་རྩེ་ལྔར་ལོ་གསུམ་གྱི་རིང་ལ་རྐྱང་ཕྱག་ཕུལ་ནས་འོང༌། ཐེངས་ཅིག་དེང་སང་ཧོའུ་ནན་ཞིང་ཆེན་གྱི་ས་མཚམས་སུ་ཐོན་སྐབས་ཉིན་ཞག་མང་པོར་ཁ་བ་བབས་ནས་འགྲོ་ལམ་བཀག་ཀྱང་སླར་ནན་གྱིས་བྱོན།^p77

འོན་ཀྱང་ཁོང་ལ་ལམ་རྒྱགས་ཀྱང་ཆད་པས་བཀྲེས་དུབ་དང༌། ཡུན་རིང་བྱོན་པའི་དཀའ་ཚེགས་གྲང་ངར་བཅས་ཀྱིས་གངས་ཆགས་ཀྱི་ནང་དེར་དབང་མེད་དུ་འགྱེལ་ཏེ་བརྒྱལ་སོང༌། ཞག་མང་པོར་དེ་ལྟར་ལུས་ཏེ་ཁོང་གི་སྟེང་དུ་ཁྲུ་གང་ལྷག་གི་གངས་གསར་དུ་ཆགས་ཡོད་པའི་ཚེ། འཇམ་དཔལ་དབྱངས་སློང་མོ་བ་ཞིག་གི་གཟུགས་སུ་སྤྲུལ་ཏེ་དེའི་སྟེང་གི་ཁ་བ་རྣམས་ཕྱགས་ནས་ཁོང་ཡར་བསླངས་ཏེ་ཟུར་དུ་སྤྱིལ་ཆུང་ཞིག་ཏུ་མེ་སྦར་ཏེ་ཁོང་དེར་ཁྱེར་ནས། ཁ་ནང་དུ་འབྲས་ཐུག་འཇམ་པོ་དལ་གྱིས་བླུགས་པས་ག་ལེར་བླ་མ་བརྒྱལ་སངས་ཏེ་དྲན་པ་རྙེད། ཁོང་གིས་སླར་ཡང་ཕྱག་ཕུལ་ཏེ་བྱོན་པ་ན། སློང་མོ་པས་སྨྲས་པ། ཁྱོད་ཉིད་ཧ་ཅང་དཀའ་ཚེགས་ཆེ་བས། དེ་ལས་ཕྱག་འཚལ་མི་དགོས། ཞེས་བྱས་ཀྱང་བཟློག་མ་ནུས་པར་མུ་མཐུད་ནས་ཕྱག་འཚལ་ཏེ་བྱོན། འོ་ན་ངས་ཁྱོད་ཀྱི་ཁུར་བོ་ཁུར་ཞེས་ཅ་ལག་རྣམས་སློང་མོ་བས་བཟུང་ནས་ཉིན་མང་པོར་མཉམ་དུ་འོངས། ཉིན་ཞིག་རི་བོ་རྩེ་ལྔ་དང་ཉེ་བ་ན། ད་ནི་ང་རང་ཁྱོད་ཀྱི་ཅ་ལག་རྣམས་ཁུར་ནས་སྔོན་དུ་འགྲོ་བ་ཡིན། རི་བོ་རྩེ་ལྔར་ང་མི་ཤེས་མཁན་གཅིག་ཀྱང་མེད་ཅིང་ངའི་མིང་ཝིན་ཅོ་(文觉)ཟེར་བ་ཡིན། ཁྱེད་དེར་ཐོན་སྐབས་ང་རང་ཚོལ་ནས་ཤོག་ཅེས་ཟེར་ཞིང་སོང་ངོ༌། །བླ་མས་རྗེས་སུ་རྐྱང་ཕྱག་འཚལ་ནས་རི་བོ་རྩེ་ལྔར་སླེབས་པ་ན་མིང་དེ་དྲིས་ཀྱང་ཀུན་གྱིས་འདིར་མི་དེ་འདྲ་ཞིག་གཏན་ནས་མེད་པས། དེ་ཝིན་ཧྲོའུ་ཕོའུ་སཱའམ་འཇམ་དཔལ་དབྱངས་བསུ་མར་བྱོན་པ་ཡིན་ཤས་ཆེ་ཞེས་སྨྲས་སོ། །དེ་ནས་བླ་མའི་ཅ་ལག་ཀྱང་འཇམ་དཔལ་ལྷ་ཁང་ཞིག་ཏུ་རྙེད་པར་གསུངས་སོ། །^p78

ཡང་ཉེ་ཆར་རིག་གནས་གསར་བརྗེ་ཆེན་པོའི་དུས་སྐབས་སུ། ཧྥ་ཡན་ཞེས་པའི་བླ་མ་ཞིག་གིས་རི་བོ་རྩེ་ལྔའི་གནས་དབེན་པ་ཞིག་ཏུ་སྐུ་མཚམས་ལ་བཞུགས་པར་དགོངས་ནས་ཁོ་རང་གི་ཟས་དང་ཅ་ལག་རྒྱ་མ་བརྒྱ་ཕྲག་ཙམ་བཅས་ཏེ་རླངས་འཁོར་དུ་ཞུགས་ཏེ་རི་བོ་རྩེ་ལྔའི་གྲོང་འདབས་སུ་སླེབས། དེ་ཚེ་ཅ་ལག་རྣམས་ཆེས་ལྕི་བས་ཁུར་མ་ཐུབ་ནས་བསྡད་ཡོད་སྐབས། ཉེ་ཟུར་ནས་རྒན་པོ་བགྲེས་པ་མགོ་ལ་ལག་རས་སེར་པོ་དཀྲིས་པ། སྲིན་བལ་ནང་ཚང་བྱས་པའི་གོས་རིང་དང་རྩྭ་ལྷམ་གྱོན་པ། ལོ་ཚོད་ཧ་ལམ་དྲུག་ཅུའི་སྟོད་དུ་བརྒལ་བ་ཞིག་འོངས་ནས། བླ་མ་ལགས། ཁྱེད་ཀྱི་ཅ་ལག་རྣམས་ཁོ་བོས་འཛིན་གྲོགས་བྱེད་ཅེས་ཅ་ལག་ཐམས་ཅད་ཁུར་ནས་ཡུད་ཙམ་ཞིག་གིས་སྤྱི་ལེ་དུ་མ་བརྒལ་ཏེ་གནས་འདིའི་ཉལ་ཁང་གི་སྒོར་སླེབས། བླ་མའི་སེམས་ལ་འདི་འདྲ་རྒས་ཀྱང་ད་དུང་དེ་འདྲའི་ཤེད་ཆེ་བ་ནི་ངོ་མཚར་སྙམ། དེ་ནས་ནུབ་མོ་ཉལ་ཁང་དེར་ལྷན་དུ་བསྡད། རྒན་པོ་ལ་ཁྱོད་ཕ་ཡུལ་གང་ནས་ཡིན་སོགས་དྲིས་པ་ན། ང་རང་གི་ཁྱིམ་རི་བོ་རྩེ་ལྔ་འདིར་ཡོད། ངའི་མིང་ལ་བདུན་ཅུ་རྩ་གཉིས་ཟེར་བ་ཡིན། ཞེས་བྱས་པས། ཁོང་ཡ་མཚན་སྐྱེས་ཏེ། ཁྱེད་ཀྱི་མིང་ལ་ཅིའི་ཕྱིར་བདུན་ཅུ་རྩ་གཉིས་བཏགས་ཞེས་དྲིས། དེ་ནི་བདག་གི་མ་རྒན་ལོ་བདུན་ཅུར་སོན་སྐབས་གཟོད་བདག་སྐྱེས་པས་ཡུལ་མི་རྣམས་ཀྱིས་ང་ལ་བདུན་ཅུ་རྩ་གཉིས་ཞེས་བཏགས་སོ་ཞེས་བཤད། ཁོང་གིས་མོ་ལོ་བདུན་ཅུའི་སྐབས་བུ་ཕྲུག་སྐྱེས་པ་ནི་ཐོས་ཀྱང་མ་མྱོང་བས་འདིས་ཅི་ཟེར་བ་ཡིན་སྙམ། ཁོང་གཉིས་གཉིད་རན་ཁར། རྒན་པོས། བླ་མ་རྗེ། སྒོམ་པ་པ་རྣམས་ཀྱིས་སེམས་ཀྱི་རྟ་འདི་ཁོ་ན་མ་བཏུལ་ན་དཀའ་འོ། །ཞེས་སྨྲས་པ་ལ། གོ་བྱུང་ཞེས་ལན་བྱས་ཏེ་ག་ལེར་གཉིད་དུ་ཟིན། ཕྱིར་ནངས་སྔ་མོ་ཡར་ལངས་ཏེ་ལྷན་ཅིག་ཏུ་ཟ་མ་ཟོས་རྗེས་སོ་སོར་གྱེས་སྐབས། བླ་མས་ཁྱོད་ཀྱིས་ངའི་ཅ་ལག་ཐག་རིང་དུ་ཁུར་བས་བཀའ་དྲིན་ཆེ་ཞེས་ཁུར་གླ་སྤྲད་ཀྱང༌། རྒན་པོས་དེ་མ་བླངས་བར། ངས་རྟག་ཏུ་རབ་ཏུ་བྱུང་བ་རྣམས་ལ་དེ་ལྟར་རོགས་རམ་ཕྲན་བུ་རེ་བྱེད་ཀྱིན་ཡོད་པས་ཁུར་གླ་ཅི་ཡང་མི་དགོས་གསུངས་བཞིན་ཡུད་ཙམ་ཞིག་ནས་མི་སྣང་བར་གྱུར་ཏོ། །^p79

དེ་ཚེ་དེ་འཇམ་དཔལ་ཡིན་པར་ཤེས་ཤིང་གཟོད་ཁོང་གི་རྒྱ་མིང་ལ་བསམ་བློ་བཏང་བ་ན། བདུན་དང་གཉིས་ནི་མིང་འབྲུ་དང་པོ་(文)དེ་ཡིན་ཞིང༌། བཅུ་ནི་མིང་འབྲུ་ཕྱི་མ་(殊)ལ་རི་མོ་བཅུ་དགོས་པས་མིང་ལ་བདུན་ཅུ་རྩ་གཉིས་ཟེར་བའི་རྒྱུ་མཚན་ཡང་ཕྱོགས་ཙམ་ཤེས་སོ། །^p80

ཡང་འཇམ་དབྱངས་དཀར་པོའི་རྣམ་འཕྲུལ་དུ་གྲགས་པ་རྒྱ་བོད་ཡིག་རིགས་ཀུན་ལ་བྱང་ཆུབ་པ་བླ་མ་ཡོན་ཏན་རྒྱ་མཚོ་ཞེས་པའི་སློབ་མ་ཆུན་ཤིན་(青心)ཟེར་བའི་དགེ་བསྙེན་ཞིག་བླ་མའི་བཀའ་བཞིན་རི་བོ་རྩེ་ལྔའི་གནས་ནས་ཞག་བརྒྱ་ཕྲག་ཙམ་ལ་རྩེ་གཅིག་ཏུ་གསོལ་བ་བཏབ་ནས་འཇམ་དཔལ་གྱི་ཞལ་ཞིག་ཨེ་མཇལ་སྙམ་དུ་ཉིན་མཚན་བར་མེད་ལ་བསྒྲུབས་ཀྱང་རྟགས་མཚན་ཅི་ཡང་མ་བྱུང་། ཉིན་ཕྱི་མའི་སྐབས་སང་ཉིན་རང་ཡུལ་དུ་འགྲོ་རན་པས་དེ་རིང་རྩེ་སྐོར་ལ་གཅིག་འགྲོ་སྙམ་ནས་སོང༌། རི་རྩེར་ཕྱིན་ནས་མར་འོང་ཚེ་ཉི་མ་ནུབ་ལ་ཉེ་འདུག ཁོ་རང་ལམ་རྒྱགས་ཅི་ཡང་མ་བཟུང་བས་ཤིན་ཏུ་བཀྲེས་ཤིང་ངལ་དུབ་ཀྱིས་ལམ་བར་ཞིག་ཏུ་ངལ་གསོ་བྱེད་ཀྱིན་ཡོད་སྐབས། གློ་བུར་དུ་རྒྱབ་ཕྱོགས་ནས་སྐྱེས་བུ་ལོ་བཞི་བཅུ་ཡར་མར་ཞིག་ཏུ་སོན་པ། གོས་རྙིང་ཅན་ཞིག་གིས་བ་དམར་པོ་ཞིག་ཕྱི་དེད་བྱེད་ཞོར་ལ་རྗེན་ལས་བྱས་པའི་མོག་མོག་མང་པོ་བཟུང་ནས་ཟ་བཞིན་འགྲོ་བར་མཐོང་བས། ཁོས་རྒྱུ་མཚན་བཤད་དེ་ཟས་བསླངས། དེས་གཏམ་མ་སྨྲས། ཁམ་འཕྲོ་བཅད་ནས་ཟས་ཤིག་གནང༌། དགའ་སྟེ་ཟོས་པ་ན་བརྗོད་ལས་འདས་པའི་རོ་མཆོག་ཁྱད་པར་ཅན་མྱོང་བས། ཁོ་ཐེ་ཚོམ་སྐྱེས་ཏེ་དེ་ཅི་ཡིན་སྙམ་ནས་རྗེས་སུ་བསྙེགས་ཏེ་སོང་ཞིང་ཨ་ཇོ་ཁྱེད་འཇམ་དཔལ་ཨེ་ཡིན་ཞེས་ལན་མང་དུ་དྲིས་ཀྱང༌། ཁོ་བོ་འཇམ་དཔལ་མིན་ཞེས་ལན་བཏབ། ཡང་དྲིས་པ་ན། འོ་ན་ང་རང་འཇམ་དཔལ་ཡིན། ཁྱོད་ལ་ཅི་ཞིག་བཤད་རྒྱུ་ཡོད། ཅེས་གསུངས།^p81

དེ་ཚེ་ཁོས་ཅི་ཞུ་མ་རྙེད་པར་དལ་ཅིག་ཧ་ལེ་སོང༌། དེ་མ་ཐག་བ་དམར་པོ་དེ་སེང་གེའི་གཟུགས་སུ་གྱུར། འཇམ་དཔལ་གྱིས་ད་སེང་གེ་ལ་ཆིབས་ཞེས་སྨྲས་པས་ཁོ་རང་དེར་གཅར་བ་ན་སེང་གེས་རྔམ་རྔམ་བྱས་པས། དེ་ལའང་ཆིབས་མ་ཕོད། འོ་ན་ཁྱོད་རང་ཡུལ་དུ་ལོག་ནས་ད་དུང་སྡིག་བཤགས་བྱོས་ལ་སྒོམ་ལེགས་པོ་གྱིས། ཞེས་ཟེར་བཞིན་རྒན་པོ་སེང་གེ་ལ་ཆིབས་མ་ཐག་འཇམ་དཔལ་གྱི་སྐུར་གྱུར་ནས་མདུན་ཕྱོགས་ཀྱི་ནམ་མཁའ་ལ་ཇེ་མཐོར་བསྐྱོད་ཅིང་བྱོན་སོང་བས། དེ་ཚེ་དགེ་བསྙེན་ཤིན་ཏུ་འགྱོད་པ་དང་མོས་གུས་འདྲེས་མས་དཔྲལ་བ་སར་གཏུགས་ནས་ཕྱག་བྱས། དེ་ནས་ཁོ་རང་ལ་བདེ་གསལ་མི་རྟོག་པའི་ཉམས་ཁྱད་པར་ཅན་སྐྱེས་ཤིང་ཕྱིར་ཉིན་རང་ཡུལ་དུ་འོང་ངོ༌། །^p82

ཡང་གནས་འདིའི་ཤེར་འོད་ཅེས་པའི་དགེ་སློང་ཞིག་གིས་ལྷོ་རིའི་རྒྱབ་ནས་འཇམ་དཔལ་དབྱངས་བྱིས་པའི་གཟུགས་ཀྱིས་མཇལ་བར་གསུངས། དེ་བཞིན་དུ་སྔོན་བཙུན་པ་ཞིག་གིས་རི་བོ་རྩེ་ལྔ་ནས་ཡུན་རིང་ལ་འཇམ་དཔལ་བསྒྲུབས། ཉིན་ཞིག་རི་རྩེ་ནས་བྱིས་པ་ཞིག་དང་ཕྲད་ནས། བཙུན་པས་ཁྱོད་གང་ལ་འགྲོ་ཞེས་དྲིས་པ་ན། བྱིས་པས་ཀྱང་དེ་ལྟར་དྲིས། བདག་འཇམ་དཔལ་མཇལ་དུ་འགྲོ་ཞེས་སྨྲས་པས། བྱིས་པས་ཀྱང༌། ང་ཡང་འཇམ་དཔལ་མཇལ་དུ་འགྲོ་ཞེས་བྱས་པས། འོ་ན་འུ་ཅག་མཉམ་དུ་འགྲོ་ཞེས་ཉིན་ཞག་མང་པོར་མཉམ་འགྲོ་མཉམ་འདུག་བྱས། བྱིས་པ་ནི་ཤིན་ཏུ་མ་རུངས་བ་གདུག་པ་ཅན་ཞིག་འདུག་པས་རྟག་ཏུ་བཙུན་པ་ལ་བཀའ་བཀྱོན་བྱས། ཉིན་ཞིག་ལྷན་ཅིག་ཏུ་འོང་སྐབས་སུ་གློ་བུར་དུ་འཇའ་ཡལ་བ་ལྟར་གྱུར་པས་ཁོང་གིས་གཟོད་འཇམ་དཔལ་གཞོན་ནུར་ཤེས་ཏེ་འགྱོད་སྐད། དེ་བཞིན་གཞན་ཡང་སྐྱེས་པ་དང་བུད་མེད་སོགས་འདྲ་མིན་གྱི་གཟུགས་སུ་མཇལ་ཚུལ་འོག་ཏུ་འཆད་པ་ལས་ཤེས།^p83

མདོར་ན་གནས་འདིའི་རྩྭ་ཤིང་མེ་ཏོག་ཆུ་ཀླུང་རྫིང་བུ་རི་གླིང་ནགས་ཚལ་སྤང་ལྗོངས་དགའ་ཚལ་ཐམས་ཅད་ཀྱང་འཇམ་དཔལ་དཔའ་བོའི་སྒྱུ་འཕྲུལ་གྱི་རང་གཟུགས་ཡིན་པར་གསུངས། ཁྱད་པར་དུ་གནས་གཞན་གང་དང་མི་འདྲ་བར་རྟག་ཏུ་ནམ་མཁའི་ཁམས་ཐམས་ཅད་སྤྲིན་དཀར་དང་འཇའ་ཚོན་སྣ་ལྔའི་ལྷ་སྐུ་དང༌། ཡིག་འབྲུ་སྣ་ཚོགས། རལ་གྲི་དང་པོ་ཏི་སོགས་ཕྱག་མཚན་གྱི་བཀོད་པ་སྣ་ཚོགས་གནས་འདིར་སོན་པ་ཀུན་གྱིས་མཇལ་ཐུབ་ཅིང༌། དེ་དག་མཇལ་ན་འཇམ་དཔལ་དངོས་འོད་ཟེར་བཅུ་ཕྲག་སོགས་ཀྱི་རྣམ་པར་སྣང་བ་དེ་ཡིན་པར་གསུངས་ཏེ། ལྷུན་པོ་བཀོད་པའི་རྒྱན་ལས། སྣ་ཚོགས་སྟོན་པའི་རྣམ་འཕྲུལ་སྣང་ཚུལ་ནི། །འཇམ་དཔལ་ཉིད་དང་སྤྲུལ་བའི་རྣམ་འཕྲུལ་ནི། །འོད་ཟེར་འཕྲོ་ཚུལ་རྟགས་དང་མཚན་མ་སོགས། །གདུལ་བྱའི་དབང་གིས་གཅིག་ཏུ་མ་ངེས་མོད། །དད་ལྡན་ལ་ལར་འོད་ཀྱི་རྣམ་འཕྲུལ་དུ། །སྣང་ཚུལ་དཔག་ཏུ་མེད་མོད་དེང་སང་ནི། ། རིགས་ཀྱིས་དབྱེ་བས་འོད་ཟེར་བཅུ་ཕྲག་གཅིག །ཅེས་རིམ་བཞིན་དུ། ཤིན་ཏུ་ཡངས་བའི་འོད་ཅེས་བྱ་བ་ནི། །ཁ་དོག་སྣ་ལྔ་འཇའ་ཚོན་འདྲ་བ་ལས། །ཡོངས་སུ་རྫོགས་པ་གསེར་གྱི་འཁོར་ལོ་བཞིན། །ས་དང་ནམ་མཁའི་ངོས་ཀུན་ཁྱབ་པར་སྣང༌། །ཞེས་སོགས་ནས་བཅུ་ཕྲག་གི་བར་དུ་མཇལ་ཚུལ་རྒྱས་པར་གསུངས་སོ། །^p84

གསུམ་པ་གནས་འདིའི་རྟེན་བརྟེན་པའི་བཀོད་པ་འགའ་ཞིག་གླེང་བ་ལ་དངོས་དང༌། གནས་ཀྱི་ཡ་གྱལ་བྱིན་རླབས་ཆེ་བའི་གནས་གསུམ་བཤད་པའོ། །དང་པོ་ནི། རི་བོ་རྩེ་ལྔ་འདི་དེང་སང་གི་ཧྲན་ཤས་ཞིང་ཆེན་གྱི་(山西省)ས་ཁུལ་དུ་ཡོད། འདི་ལ་འགྲོ་སྐབས་ཁྲི་ཏུའུ་གྲོང་ཁྱེར་ནས་མེ་འཁོར་དུ་ཞུགས་ཏེ་ཐེ་ཡཱན་གྲོང་ཁྱེར་(太原)བར་དུ་སྤྱི་ལེ་སྟོང་ཕྲག་གཅིག་དང་བཞི་བརྒྱ་གོ་གསུམ་ཡོད་པས་དེར་བབས། དེ་ནས་རི་བོ་རྩེ་ལྔ་ལ་སྤྱི་ལེ་ཉིས་བརྒྱ་དང་སོ་གསུམ་ཡོད་པས་ཡང་སྤྱི་སྤྱོད་རླངས་འཁོར་དུ་བསྡད་ནས་ཉིན་གཅིག་གིས་ལེགས་པར་སླེབས། སྤྱིར་རི་བོ་འདིར་རྩེ་མོ་ལྔ་ཡོད་པ་ནི་རྒྱལ་བ་རིགས་ལྔའི་ཞིང་ཁམས་སུ་གསུངས་ཏེ། ཤར་རི་རྡོ་རྗེ་སེམས་དཔའི་ཞིང་ཁམས་དང༌། ལྷོ་རི་རིན་ཆེན་འབྱུང་ལྡན། ནུབ་རི་སྣང་བ་མཐའ་ཡས། བྱང་རི་དོན་གྲུབ། དབུས་རི་རྣམ་པར་སྣང་མཛད་ཀྱི་ཞིང་ཁམས་ཡིན་ཞེས་དང༌། དེ་བཞིན་འཇམ་དཔལ་རིགས་ལྔའི་ཞིང་ཁམས་ཡང་ཡིན་ཏེ། དབུས་རི་བྱང་ཆུབ་སེམས་དཔའི་མཆོད་རྟེན་གྱི་དབྱིབས་དང་འདྲ་བ་ལ་མི་འགྱུར་ལྷུན་པོའི་སྤོ་ཞེས་གྲགས་ལ། འདི་ནི་མཉམ་ཉིད་ཡེ་ཤེས་ཀྱི་བརྡར་སྐུ་མདོག་སེར་པོ་འཇམ་དཔལ་གཞོན་ནུར་གྱུར་བའི་ཞིང་ཁམས་ཡིན། འདི་ལ་སྔོན་མངའ་བདག་ཁྲི་རལ་པ་ཅན་གྱིས་རི་རྩེ་ནས་འཇམ་དཔལ་སེང་གེ་ལ་ཆིབས་པར་རྒྱལ་སྲས་ཁྲི་ཕྲག་གིས་བསྐོར་བ་དངོས་སུ་མཇལ་བའི་གནས་སོགས་བྱིན་རླབས་ཅན་གྱི་གནས་ཆེན་ཉེར་བརྒྱད་ཡོད་པར་གསུངས།^p85

ད་ལྟ་འདིའི་རི་རྩེར་མཆོད་རྟེན་དང་ལྷ་ཁང་ཡོད། ལྷ་ཁང་གི་ནང་དུ་འཇམ་དཔལ་གཞོན་ནུའི་རྡོ་སྐུ་ངོ་མཚར་ཅན་ཞིག་ཡོད། དེའི་མདུན་དུ་བདག་ཅག་གི་འཇམ་མགོན་བླ་མ་ཡིད་བཞིན་ནོར་བུ་འཁོར་བཅས་བྱོན་ནས་སྨོན་ལམ་རྒྱ་ཆེར་བཏབ། གནས་འདབས་ཀྱི་མཆོད་རྟེན་ཆེན་པོ་ནས་རི་རྩེ་བར་སྤྱི་ལེ་ཉི་ཤུ་ཡོད། ཤར་རི་བཀྲ་ཤིས་སྒོ་མང་མཆོད་རྟེན་གྱི་དབྱིབས་དང་མཚུངས་པ་ལ་རྒྱ་མཚོ་མཐོང་བའི་སྤོ་ཞེས་བྱ་ཞིང༌། འདི་ནི་མེ་ལོང་ཡེ་ཤེས་ཀྱི་བརྡར་སྐུ་མདོག་སྔོན་པོ་འཇམ་དཔལ་རྡོ་རྗེ་རྣོན་པོའི་ཞིང་ཁམས་ཡིན་ནོ། །^p86

འདི་ལ་གཞོན་ནུ་ནོར་བཟང་གིས་འཇམ་དཔལ་མཇལ་བའི་སྒྲུབ་ཕུག་སོགས་བྱིན་རླབས་ཅན་གྱི་གནས་ཆེན་བཅུ་བཞི་ཡོད། རི་རྩེར་རྒྱ་མཚོ་མཐོང་བའི་གླིང་ཞེས་པའི་དགོན་པ་ཡོད། འདི་ནས་ཤར་གྱི་རྒྱ་མཚོ་ཆེན་པོའི་ངོས་ལེགས་པར་མཐོང་ཞིང༌། ཁྱད་པར་དབྱར་དུས་སྔ་མོར་དེང་སང་གི་ཆུ་ཚོད་ལྔའི་མཚམས་སུ་ཤར་ཕྱོགས་རྒྱ་མཚོའི་འགྲམ་ནས་ཉི་མའི་དཀྱིལ་འཁོར་དལ་གྱིས་བགྲོད་པ་གསལ་བོར་མཐོང་ཐུབ། འདིར་རྟག་ཏུ་ནམ་མཁའ་ལ་འཇའ་གུར་གྱི་རི་མོ་འཛུམ་ཞིང་མཚར་སྡུག་པདྨ་གཞོན་ནུའི་དྲི་བསུང་དང༌། དཀར་གསལ་སྤྲིན་མཚོའི་རླབས་ཕྲེང་ཕྱོགས་ཀུན་བསྐྱོད་ཚེ་ཆེས་ཡིད་དབང་འཕྲོག་ཅིང་དག་པའི་ཞིང་གི་སྣང་བ་འཆར་རོ། །^p87

འདིའི་རི་རྩེ་ནས་མཆོད་རྟེན་ཆེན་པོའི་བར་ཐག་དབུས་རི་དང་འདྲ། ལྷོ་རི་ཆོ་འཕྲུལ་མཆོད་རྟེན་གྱི་དབྱིབས་དང་འདྲ་བ་ལ་མདངས་བཟང་བཀྲ་བའི་སྤོ་ཞེས་བྱ་ཞིང༌། འདི་ནི་ཆོས་དབྱིངས་ཡེ་ཤེས་ཀྱི་བརྡར་སྐུ་མདོག་དམར་པོ་ཅན་འཇམ་དཔལ་ཡེ་ཤེས་སེམས་དཔའི་ཞིང་ཁམས་ཡིན་ཞིང༌། འདི་ལ་སྔོན་གྲུབ་ཆེན་སངས་རྒྱས་བསྐྱང་གིས་འདམ་བུའི་ཚལ་ཞེས་པ་ནས་འཇམ་དཔལ་དབྱངས་ཀྱི་ཞལ་གཟིགས་ཏེ་གཙུག་ཏོར་རྣམ་པར་རྒྱལ་བའི་མཆོད་རྟེན་བཞེངས་པ་སོགས་བྱིན་རླབས་ཅན་གྱི་གནས་ཆེན་ཉེར་གཅིག་ཡོད། རི་རྩེར་མཆོད་རྟེན་དང་ཕོས་ཅིས་སི་ཞེས་པའི་དགོན་པ་ཡོད། འཇམ་མགོན་ཡིད་བཞིན་ནོར་བུ་ཉིད་དེར་བྱོན་ནས་སྨོན་ལམ་རྒྱ་ཆེར་བཏབ། འདིའི་རི་རྒྱུད་ཐམས་ཅད་འཇམ་དཔལ་མེ་ཏོག་དྲི་ཞིམ་ལྡང་བ་ཟོས་ན་ཚེ་རབས་དྲན་ཞིང་ཤེས་རབ་འཕེལ་བ་དེས་ཡོངས་སུ་ཁྱབ་བོ། །མཆོད་རྟེན་གླིང་ནས་རི་རྩེ་བར་སྤྱི་ལེ་ཉེར་ལྔ་ཙམ་ཞིག་ཡོད། ནུབ་རི་རྨ་བྱས་ཟློས་གར་བསྒྱུར་འདྲ་མྱང་འདས་མཆོད་རྟེན་གྱི་དབྱིབས་དང་མཚུངས་པ་ལ་ཟླ་གཟུགས་འཛིན་པའི་སྤོ་ཞེས་བྱ་བ། འདི་ནི་སོར་རྟོག་ཡེ་ཤེས་ཀྱི་བརྡར་སྐུ་མདོག་དཀར་པོ་ཅན་འཇམ་དཔལ་སྨྲ་བའི་སེང་གེའི་ཞིང་ཁམས་ཡིན་ནོ། །^p88

འདི་ལ་སྔོན་ལི་ཙ་བཱི་དང་འཇམ་དཔལ་གཉིས་བགྲོ་གླེང་མཛད་དེ་ལྷ་ཁང་གཉིས་ཡོད་པ་སོགས་བྱིན་རླབས་ཅན་གྱི་གནས་ཆེན་བཅུ་བདུན་ཡོད། རི་རྩེར་བསེའུ་རྒྱལ་རབས་ཀྱི་དུས་སུ་ཝེན་ཏིའི་རྒྱལ་པོས་དགོན་པ་བཞེངས་པ་ཕྱིས་སུ་མེད་པར་གྱུར། དེ་ནས་ཐང་གི་དུས་སུ་རྩེ་ལྔ་ལ་འཇམ་དཔལ་རིགས་ལྔའི་དགོན་པ་བཞེངས་བའི་ཡ་གྱལ་ཧྥ་བླེ་སི་ཞེས་པའི་དགོན་དེ་མིན་རྒྱལ་རབས་ཀྱི་སྐབས་སླར་གསོ་བྱས་ཀྱང་ད་ལྟ་ཤུལ་ཙམ་ལས་མེད་དོ། །^p89

འདིར་མཆོད་རྟེན་དཀར་པོ་གཉིས་ཡོད། འདི་ལ་དྭངས་བསིལ་རི་བོའི་རྣམ་བཤད་ལས། རི་རྩེར་གྲུབ་ཐོབ་ཅིག་གིས་རྡོ་ལ་རྟ་རྗེས་དང་རི་མོ་བྲིས་པ་སོགས་ཡོད་པར་བཤད། འདིའི་བྱང་ཤར་མཚམས་སུ་རྫིང་བུ་ཞིག་ཡོད་པ་དེ་ནི། འཇམ་དཔལ་ལྷུང་བཟེད་བཀྲུ་སའི་རྫིང་བུ་ཞེས་བྱ་སྟེ། སྔོན་མིན་ཤིན་ཞེས་པའི་གྲྭ་པ་ཞིག་གནས་འདབས་སུ་ཕྱིན་ཏེ་སླར་ལོག་ནས་འདིར་ཐོན་སྐབས་གློ་བུར་དུ་བུད་མེད་བགྲེས་པ་ཞིག་གིས་ལྷུང་བཟེད་བཀྲུ་བར་མཐོང་བ་ན། ཁྱོད་གང་ནས་ཡིན་དྲིས་པས། མོ་རང་ནི་ནུབ་རིའི་རྩེའི་ཧྥ་བླེའི་སི་དགོན་པ་ནས་ཡིན་ཞེས་བྱས་པས། གྲྭ་པ་དེས་ང་རང་ཡང་དགོན་པ་དེ་ནས་ཡིན་ཡང་ཁྱོད་ཡེ་ནས་མཐོང་མ་མྱོང་ཞེས་སྨྲས་པ་ན། མོ་རང་གིས་ཁྱོད་རྟག་ཏུ་མཐོང་ཡང༌། ཁྱོད་ཀྱིས་ང་མི་མཐོང་ཞེས་སོགས་དང༌། ལྷུང་བཟེད་བཀྲུ་དགོས་པའི་རྒྱུ་མཚན་སོགས་གཏམ་གྱི་བགྲོ་གླེང་མང་པོ་བྱས་མཐར་མི་སྣང་བར་གྱུར་སོང༌། དེས་ན་དེ་འཇམ་དཔལ་གྱི་སྤྲུལ་པ་ཡིན་པས་རྫིང་བུའི་མིང་ལ་དེ་ལྟར་ཐོགས་སོ། །^p90

གནས་འདབས་ཀྱི་མཆོད་རྟེན་ཆེན་པོ་ནས་རི་རྩེ་བར་སྤྱི་ལེ་ཉེར་ལྔ་ཡོད། བྱང་རི་བདུད་འདུལ་མཆོད་རྟེན་གྱི་དབྱིབས་དང་མཚུངས་པ་ལ་སྐར་མའི་གཙུག་ལྡན་སྤོ་ཞེས་གསུངས་ཤིང༌། འདི་ནི་བྱ་གྲུབ་ཡེ་ཤེས་མཚོན་པའི་བརྡར་སྐུ་མདོག་དཀར་དམར་འཇམ་དཔལ་དྲི་མ་མེད་པའི་ཞིང་ཁམས་ཡིན། འདིར་བདུད་རྩིའི་ཆུ་མིག་ཏུ་རྒྱ་གར་དམ་པས་འཇམ་དཔལ་དབྱངས་དྲང་སྲོང་རྒན་པོའི་ཚུལ་གྱིས་མཇལ་བ་སོགས་བྱིན་རླབས་ཅན་གྱི་གནས་ཆེན་ཉེར་བརྒྱད་དེ་ཁྱོན་རི་བོ་ལྔ་ལ་གནས་ཆེན་བརྒྱ་རྩ་བརྒྱད་ཀྱི་བཀོད་པ་རྫོགས་པར་གྲགས། འོན་ཀྱང་ཕལ་ཆེར་དེང་སང་ངོས་མི་ཟིན་པ་དང༌། མཁས་གྲུབ་ཕྱི་མ་རྣམས་ཀྱིས་གསར་དུ་ངོས་འཛིན་པ་སོགས་ཅི་རིགས་སྣང་བས་མཐའ་གཅིག་ཏུ་མ་ངེས་སོ། །^p91

བྱང་རིའི་རྩེའི་དགོན་པ་ལ་ཀླུ་རྒྱལ་དགོན་ཞེས་པའི་རྒྱུ་མཚན་ནི། ཤར་ཕྱོགས་རྒྱ་མཚོའི་ཀླུའི་བུ་ལྔས་བཞེངས་པས་དེ་ལྟར་ཐོགས། འདིའི་ཉེ་ཟུར་ན་རྫིང་བུ་ཞིག་ཡོད་པ་ལ་འབྲུག་ནག་རྫིང་བུའམ་གསེར་གྱི་ཁྲོན་པ་ཞེས་ཀྱང་ཟེར་རོ། །རི་རྩེ་འདི་གཞན་ཀུན་ལས་མཐོ་ཞིང་འདིར་སེར་པོ་ཧོར་གྱི་ས་ཆ་ཡང་གསལ་བོར་མཐོང་བར་གསུངས། རི་རྩེ་ཡི་བྱང་ཕྱོགས་ཀྱི་ཉེ་ཟུར་ན་རྡོ་བྲག་དམར་པོ་མཐོ་དམན་ལ་ཁྲུ་བརྒྱད་དགུ་ཙམ་ཞིག་ཡོད་པ་དེ་ནི་བཙོན་ལྷུང་འཆར་བའི་གནས་ཞེས་གྲགས་ཏེ། སྔོན་བསེའུ་རྒྱལ་རབས་ཀྱི་སྐབས་སུ་ཀྲང་ཨེ་ཞེས་པའི་སྐྱེ་བོ་ལོག་ལྟ་ཅན་ཞིག་གིས་རི་རྩེ་དགོན་པའི་ནང་ནས་དངུལ་མང་པོ་བརྐུས་ཏེ་བྲེལ་ཚུབ་ངང་ཕྱིར་བྲོས་པ་ན། གློ་བུར་དུ་རླུང་འཚུབ་ཤིན་ཏུ་དྲག་པོ་ཞིག་བྱུང་ནས་ཁོ་རང་དབང་མེད་དུ་ཤིང་ལོའི་འདབ་མ་ལྟར་བར་སྣང་ཁམས་སུ་ཁྱེར། དེ་ནས་ཡུད་ཙམ་ཞིག་གིས་ས་ཆ་ངོ་མི་ཤེས་པ་འཇིགས་སུ་རུང་བའི་བྲག་རི་དཔག་ཚད་དུ་མ་ཡོད་པ་ཞིག་གི་དཀྱིལ་དུ་ལྷུང་སོང༌། དེའི་ཚེ་ཁོའི་བསམ་པ་ལ་ད་ནི་ཐར་བའི་གོ་སྐབས་མེད་དེ། རང་གིས་རྐུ་བྱས་པས་འཇམ་དཔལ་དབྱངས་ཀྱི་ཐུགས་ལ་གནོད་པ་ཡིན་སྙམ་དུ་འགྱོད་པ་དྲག་པོས་རང་གི་མཛུབ་མོ་ཁ་ནང་བླངས་ཏེ་འཆའ་བར་བྱས་སོ། །དེ་མ་ཐག་བྲག་རི་ཆེན་པོ་དེ་ཇེ་ཆུང་དུ་སོང་ནས་རྡོ་བྲག་ཆུང་ངུ་འདི་ལས་མེད་པར་གྱུར། ད་ལྟ་འདིའི་སྟེང་ཐམས་ཅད་དམར་པོར་གྱུར་བ་ནི་དེའི་མཛུབ་ཁྲག་ཡིན་པར་གསུངས།^p92

གནས་འདབས་ནས་རི་རྩེ་བར་སྤྱི་ལེ་བཅུ་ཡོད། འདིར་སྤྱི་ལེ་ཞེས་པའི་ཚད་ནི་དེང་སང་གི་ཀོང་ལེའམ་རྒྱང་གྲགས་ཕྱེད་དེ་གཞི་འདོམ་ཉིས་བརྒྱ་ལྔ་བཅུའོ། །བྱང་རི་དང་ནུབ་རི་མ་གཏོགས་གཞན་རྣམས་རི་རྩེ་ལ་གཞུང་ལམ་ཡོད། དེ་དག་གིས་རི་ལྔ་པོ་འཇམ་དཔལ་རིགས་ལྔའི་ཞིང་ཁམས་སུ་བསྡུས་ཏེ་བསྟན་ཏོ། །^p93

ད་ནི་གནས་འདིའི་དགོན་སྡེ་རྟེན་གསུམ་ཐམས་ཅད་འཇམ་པའི་དབྱངས་ཀྱིས་རྫུ་འཕྲུལ་ཁོ་ན་ལས་བསྐྲུན་པར་གླེང་བ་ལ། ཐོག་མར་གནས་འདིར་སངས་རྒྱས་ཀྱི་བསྟན་པ་ནི་གོང་དུ་ཅུང་ཟད་སྨྲས་པ་ལྟར་དགྲ་བཅོམ་མ་ཏིང་གོ་དང་པཎྜི་ཏ་ཧྥ་ལན་གཉིས་ཀྱིས་སྟོན་པའི་བྲིས་ཐང་སོགས་བཀལ་ནས་བྱོན་ཏེ་ལོ་ཡིང་གི་རྟ་དཀར་དགོན་བཏབ། དེ་ནས་མངོན་ཤེས་ཀྱིས་གཟིགས་ཏེ་རི་བོ་རྩེ་ལྔར་འོད་ཟེར་སྣ་ཚོགས་འཕྲོས་པས་རང་བསྲེལ་སྙིང་པོ་ཅན་གྱི་མཆོད་རྟེན་ཡོད་པར་མཁྱེན་ཏེ། གནས་འདིར་བྱོན་ནས་བྱ་རྒོད་ཕུང་པོའི་རི་བོ་དང་མཚུངས་པའི་འདབས་སུ་དགོན་པ་བཏབ་ནས་མིང་ལའང་བྱ་རྒོད་ཕུང་པོའི་གླིང་ཞེས་བཏགས་སོ། །^p94

དེས་ན་རྒྱ་ནག་གི་ཡུལ་འདིར་སངས་རྒྱས་བསྟན་པའི་དགོན་པ་རྣམས་ཀྱི་ཆེས་ཐོག་མ་འདི་གཉིས་ཡིན་པར་གསུངས། ཁྱད་པར་གནས་འདིར་གྲགས་ཆེ་ཞིང་བྱིན་རླབས་ཆེ་བའི་(白塔)མཆོད་རྟེན་དཀར་པོ་འདི་ཉིད་ནི། གོང་དུ་སྨྲོས་པ་ལྟར་བདག་ཅག་གི་སྟོན་པ་མྱ་ངན་ལས་འདས་པའི་འོག་ཏུ་ཆོས་རྒྱལ་མྱ་ངན་མེད་ཅེས་པས་རང་གིས་རྒྱལ་ཁབ་མང་པོར་དམག་འཁྲུགས་བྱས་པའི་སྡིག་བཤགས་སུ། སངས་རྒྱས་ཀྱི་རང་བསྲེལ་སྙིང་པོ་ཅན་གྱི་མཆོད་རྟེན་བརྒྱད་ཁྲི་བཞི་སྟོང་ངམ་བྱེ་བ་གཅིག་བཞེངས་ཏེ་སོ་སོར་ལུང་བསྟན་པ་བཞིན་དུ་གྱེས་ཤིང༌། དེ་དག་ལས་ད་ལྟ་ཀྲུང་གོ་རྒྱལ་ཁབ་ན་བཅུ་དགུ་ཡོད་པར་གྲགས་པའི་ནང་ནས་གཅིག་ཡིན་པར་རྒྱ་བོད་མཁས་གྲུབ་རྣམས་ཀྱིས་གསལ་བོར་གསུངས།^p95

འདི་ལའང་རྒྱའི་ལོ་རྒྱུས་འགའ་རེ་ན། མཆོད་རྟེན་འདི་བྱ་རྒོད་ཕུང་པོའི་རི་ནས་འཕུར་འོང་བ་ཡིན་པར་གསུངས། འགའ་རེ་ན། གནས་འདིར་ལྷ་རྣམས་ཀྱིས་གདན་དྲངས་བར་གསུངས། འགའ་རེ་ན་ནེ་པོ་ཨར་གྱི་བཟོ་བོ་ཕུལ་དུ་ཕྱིན་པས་ལོ་བཅུ་གཉིས་ཀྱི་རིང་ལ་བཞེངས་བ་སོགས་ཀྱང་གསུངས་ཤིང༌།^p96

མདོར་ན་དགྲ་བཅོམ་པ་དེ་གཉིས་ཀྱིས་མངོན་ཤེས་ཀྱིས་རིང་བསྲེལ་སྙིང་པོ་ཅན་དུ་ངོས་བཟུང་ཚུལ་དཀར་ཆག་རྣམས་སུ་གསལ། ཕྱིས་སུ་མིན་རྒྱལ་སྲིད་ཀྱི་དུས་སུ་ཕྱི་དབྱིབས་རྒྱ་བསྐྱེད་ཅིང༌། སྤྱི་ལོ་༡༩༥༣ལོར་སྒོར་ཁྲི་ཕྲག་བཅུ་དྲུག་གིས་དཀར་རྩི་བཀྱེ་བ་སོགས་སླར་བཞེངས་བྱས་པར་གསུངས། ད་ལྟ་མཆོད་རྟེན་འདིའི་མཐོ་དམན་ན་ཁྲུ་བརྒྱ་དང་རེ་དགུ་ཙམ་ཡོད། འདིའི་རྩེར་དྲིལ་ཆུང་ཉིས་བརྒྱ་ང་གཉིས་ཡོད། དེའི་ནང་ནས་གཅིག་ནི་འཇམ་དཔལ་དབྱངས་ཀྱིས་གནང་བར་གསུངས་ཏེ། སྔོན་ཟས་གོས་ཀྱིས་ཤིན་ཏུ་ཕོངས་ཤིང་སྡོད་གནས་ཀྱང་རྩྭའི་སྤྱིལ་བུ་ཙམ་ལས་མེད་པའི་དབུལ་མོ་མ་བུ་ཞིག་ཡོད་པས་རྟག་ཏུ་འཇམ་དཔལ་དབྱངས་ལ་གསོལ་བ་བཏབ་པས། ཐེངས་ཤིག་མཆོད་རྟེན་འདི་བཞེངས་སྐབས་ཤིག་ལ་བཟོ་བོ་ངོ་མི་ཤེས་པ་ཞིག་འོངས་ནས་ཉིན་ཤས་རིང་ལ་དེར་བསྡད། ཉིན་ཞིག་དྲིལ་ཆུང་ཞིག་གནང་ནས་ཁྱེད་གཉིས་འདི་ལ་བརྟེན་ན་འཚོ་བ་རྙེད་ངེས་ཡིན་གསུངས་ནས་གློ་བུར་མི་སྣང་བར་གྱུར་སོང༌། ཕྱིས་སུ་མཆོད་རྟེན་བཞེངས་ཟིན་ནས་གྲངས་བཞིན་དྲིལ་ཆུང་རྣམས་རྩེ་ལ་བཏགས་སྐབས་གློ་བུར་དུ་གཅིག་མི་ཚང་བར་འདུག ཉིན་དེར་རབ་གནས་དང་བཀྲ་ཤིས་བརྗོད་པའི་དུས་ཡིན་པས་གཅིག་མ་ཚང་ན་རྟེན་འབྲེལ་མི་ལེགས་པར་དོགས་ནས་ཐམས་ཅད་བྲེལ་ཟིང་དུ་གྱུར། དེ་ཚེ་དབུལ་མོ་ཚང་ལ་དྲིལ་ཆུང་ཞིག་ཡོད་པར་འགའ་ཞིག་གིས་གོ་ནས། དེ་ལ་དངུལ་སྲང་ལྔ་བཅུ་བྱས་ཏེ་ཉོས་ནས་སླར་མཆོད་རྟེན་གྱི་རྩེ་ལ་བཏགས་ཚེ་དྲིལ་ཆུང་གཞན་རྣམས་དང་ཁྱད་པར་མེད་པས་ཐམས་ཅད་ངོ་མཚར་ཏེ་སྔོན་གྱི་བཟོ་བོ་དེ་འཇམ་དཔལ་གྱི་སྤྲུལ་བར་ཤེས། དབུལ་མོ་མ་བུའང་འཇམ་དཔལ་ལ་དད་པའི་སྟོབས་ཀྱིས་ཚེ་འདིར་ལོངས་སྤྱོད་དང་ལྡན་པར་གྱུར། མཆོད་རྟེན་གྱི་རྩ་བ་ན་ཞབས་རྗེས་ཤིག་ཡོད་པ་དེ་ནི། སྔོན་གོང་མ་ཐང་ཐེ་ཙོང་གི་བཀའ་བཞིན་རྒྱ་གར་རྡོ་རྗེ་གདན་གྱི་སངས་རྒྱས་ཀྱི་ཞབས་རྗེས་ལ་དཔེ་བྱས་ཏེ་རྡོ་ལ་བརྐོས་པ་ཞིག་ཡིན་ལ་འདི་ཤིན་ཏུ་བྱིན་རླབས་ཆེ་བར་གྲགས་ཤིང་ཀུན་གྱིས་རྩིས་ཆེ་བར་བྱེད་འདུག^p97

མདོར་ན་མཆོད་རྟེན་འདི་ལ་ཕྱག་མཆོད་བྱས་པ་ནི་སངས་རྒྱས་དངོས་ལ་ཕྱག་མཆོད་བྱས་པ་དང་ཕན་ཡོན་མཉམ་སྟེ། མདོ་ལས། ད་ལྟ་ང་ལ་མཆོད་པ་དང༌། །མ་འོངས་རིང་བསྲེལ་མཆོད་པ་གཉིས། །བསོད་ནམས་མཉམ་ཞིང་རྣམ་སྨིན་མཉམ། །ཞེས་དང༌། སྤྱོད་འཇུག་ལས་ཀྱང༌། གང་ཕྱིར་བཞུགས་པའམ་མྱ་ངན་འདས། །མཚུངས་པ་ཉིད་དུ་བཤད་ཕྱིར་རོ། །ཞེས་སོ། །^p98

འཇམ་དཔལ་དབུ་སྐྲའི་སྙིང་པོ་ཅན་གྱི་མཆོད་རྟེན་(文殊发塔)ནི། མཆོད་རྟེན་དཀར་པོའི་ཤར་ཕྱོགས་ཀྱི་ཉེ་ཟུར་ན་ཡོད། འདི་ནི་སྔོན་དབེ་རྒྱལ་སྲིད་བྱང་མའི་དུས་སུ་གནས་འདིའི་བྱ་རྒོད་ཕུང་པོའི་གླིང་གིས་ལོ་རེ་བཞིན་ཟླ་བ་གསུམ་པའི་ནང་སྐྱེ་བོ་ཀུན་ལ་ཟས་འགྱེད་གཏོང་བའི་དུས་ཤིག་ཡོད། སྐབས་དེའི་ཉིན་ཞིག་ལ། དབུལ་མོ་ཞིག་གིས་བུ་ཕྲུག་གཅིག་རུམ་དུ་བཅུག གཅིག་ལག་ཏུ་ཁྲིད། ཁྱི་ཞིག་ཀྱང་ཁྲིད་ནས་མི་རྣམས་དང་མཉམ་དུ་དགོན་པའི་ནང་དུ་འོངས། དེར་སྐྱེ་བོ་ཀུན་གྱིས་རང་རང་གི་འབྱོར་བ་དང་བསྟུན་ནས་གསེར་དངུལ་སོགས་མཆོད་པ་འབུལ་བར་མཐོང་བ་ན། མོ་རང་ཤིན་ཏུ་དབུལ་བས་མཆོད་པའི་ཡོ་བྱད་གཞན་མེད་པས་སྐྲ་ཉག་མ་ཆ་ཤས་བྲེགས་ནས་མཆོད་པ་བྱས་ཤིང་འདི་ཉིད་རིན་ཐང་ཆེ་བར་ཡང་སྨྲས་སོ། །^p99

དེ་ཚེ་ད་དུང་ཟས་འགྱེད་གཏོང་བའི་དུས་ལ་མ་ཐོན་ཡང༌། མོ་རང་ཟས་འགྱེད་གཏོང་བ་པོའི་དྲུང་དུ་ཕྱིན་ནས་བདག་ལ་དུས་ཚོད་བྲེལ་བས་ཟས་སྐལ་སྔོན་དུ་དགོས་ཞེས་བྱས་པས། བཙུན་པ་དེས་རུམ་དུ་བཅུག་པའི་བྱིས་པས་ཟ་མི་ཤེས་སྙམ་ནས་གཉིས་ཀྱི་སྐལ་བ་བྱིན། བུད་མེད་ཀྱིས་ངེད་ཅག་གསུམ་ཡིན་པས་ཅིའི་ཕྱིར་མི་སྟེར་ཟེར་བས། སླར་ཟས་སྐལ་གཅིག་བྱིན། ཡང་ང་ལ་ཁྱི་གཅིག་ཡོད་པས་དེའང་སྲོག་དང་ལྡན་པས་ཟས་སྐལ་དགོས་ཞེས་སྨྲས་པས། དེ་ལ་ཡང་གཅིག་བྱིན། ཡང་བདག་གི་མངལ་ན་ཕྲུ་གུ་ཡོད་པས་དེ་ལ་སྐལ་བ་དགོས་ཞེས་ཟེར་བ་ན། བཙུན་པ་དེ་ཐུགས་ཁྲོས་ནས། བུ་ཕྲུག་མ་སྐྱེས་པ་ལ་ཟས་སྐལ་ཅིའི་ཕྱིར་དགོས། ཁྱོད་ནི་འདོད་པ་ཆེ་ལ་ཆོག་མི་ཤེས་པར་འདུག་ཅེས་ཚིག་ངན་སྨྲས་པ་ན། བུད་མེད་ཀྱི་ཞལ་ནས། འགྲོ་ཀུན་མཉམ་ཞིང་མངལ་ན་གནས་པའི་བྱིས་པ་ཡང་སྲོག་དང་ལྡན་གྱི། ཞེས་སོགས་ཟེར་ཏེ་ལུས་པོ་ཇེ་མཐོར་གྱུར་ཏེ་ནམ་མཁའི་ཁམས་སུ་འཇམ་དཔལ་དབྱངས་ཀྱི་སྐུར་གྱུར། བྱིས་པ་གཉིས་ཀྱང་ལྷ་ཕྲུག་གཞོན་ནུ་གཉིས་སུ་གྱུར་ཏེ་སྔོན་རྒྱབ་ཏུ་འཁོད། ཁྱི་ཡང་སེང་གེ་སྔོ་ལྗང་དུ་གྱུར་ནས་འཇའ་འོད་མུ་མཐའ་མེད་པའི་ཀློང་ནས། དབྱངས་སྙན་པོས་འགྲོ་བ་སེམས་ཅན་མཉམ་པར་སློབས། ཞེས་སོགས་ཚིགས་སུ་བཅད་པའི་ཞལ་གདམས་གསུངས་པ་ན། དེར་འཁོད་ཀྱི་དད་ལྡན་གྲངས་མེད་པ་འུར་གྱིས་འདུས་ཏེ་ཐམས་ཅད་ནམ་མཁའ་ལ་ལྟ་ཞིང་ཐལ་མོ་སྦྱར་ཏེ་རྩེ་གཅིག་ཏུ་གསོལ་བ་བཏབ། དེ་ཚེ་ག་ལེར་མི་སྣང་བར་གྱུར་སོང༌། དེ་ནས་སྐྲ་དེ་དག་སྙིང་བོ་བྱས་ཏེ་མྱུར་དུ་མཆོད་རྟེན་འདི་བཞེངས་པ་ཡིན།^p100

དེ་ནས་རྒྱལ་རབས་ཆེན་པོ་བཅོ་བརྒྱད་འདས་ཤིང་ལོ་སྟོང་ཕྲག་གཅིག་ཙམ་གྱི་རྗེས་སུ་མིན་རྒྱལ་སྲིད་ཀྱི་དབན་ལན་ལོའི་དུས་སུ་མཆོད་རྟེན་སླར་བཞེངས་བྱེད་སྐབས་བལྟས་པ་ན། དབུ་སྐྲ་དེ་རྣམས་གསེར་འོད་འབར་བཞིན་ཡོད་ཅེས་དྭངས་བསིལ་རི་བོའི་རྣམ་བཤད་ལས་གསུངས། གོང་གི་ཟས་འགྱེད་པའི་བཙུན་པ་ཁོའུ་ཐོའུ་ཞེས་པ་དེས་རང་གིས་འཇམ་དཔལ་ལ་ཚིག་ངན་སྨྲས་པའི་འགྱོད་བཤགས་སུ། ཉིན་དེར་འཇམ་དཔལ་སྤྲུལ་ཚུལ་གྱི་མཐོང་སྣང་དང་དེས་གསུངས་པའི་ཚིགས་བཅད་བཅས་རྡོ་ལ་གསལ་བོར་བརྐོས་ཏེ་ཡོན་ཀྲོའོ་སི་ (园照寺)དགོན་པའི་གཙུག་ལག་ཁང་ཆེན་པོའི་མདུན་ཟུར་ན་ཤེལ་ཁང་ཆུང་ངུ་ཞིག་གི་ནང་དུ་དེང་སང་ཡང་མཇལ་རྒྱུ་ཡོད། ཡང་གོང་གི་རྣམ་བཤད་ལས། བཙུན་པ་དེས་སླར་འགྱོད་བཤགས་སུ་རང་གི་མིག་གཉིས་ཕུད་པར་གསུངས།^p101

དེས་ན་མཆོད་རྟེན་འདི་གཉིས་ནི་ད་ལྟ་རི་བོ་རྩེ་ལྔའི་གནས་འདབས་ཀྱི་གྲོང་ཁྱེར་དུ་མཆོད་རྟེན་ར་བའི་གླིང་(塔院寺)ཞེས་པའི་དགོན་པ་ན་བཞུགས། འདིའི་དྲུང་དུ་སྐྱབས་རྗེ་མཆོག་འཁོར་རྒྱ་བོད་གྲངས་མེད་པ་དང་མཉམ་དུ་བདེ་བ་ཅན་ལ་དད་འདུན་བསྐྱེད་དེ། ས་ག་ཟླ་བའི་ཚེས་བརྒྱད་ནས་བཅོ་ལྔའི་བར་དུ་བཟང་སྤྱོད་སྨོན་ལམ་བྱེ་བ་གཉིས་ལྷག་གསུངས་ཤིང་དགོས་པའང༌། མདོ་ལས། ཞིང་གང་སྨོན་ལམ་ཅི་བཏབ་པ། །དེ་འདྲའི་འབྲས་བུ་ཐོབ་པར་འགྱུར། །ཞེས་དང༌། བཟང་སྤྱོད་ལས། བདག་ནི་འཆི་བའི་དུས་བྱེད་གྱུར་པ་ན། །སྒྲིབ་པ་ཐམས་ཅད་དག་ནི་ཕྱིར་བསལ་ཏེ། །མངོན་སུམ་སྣང་བ་མཐའ་ཡས་དེ་མཐོང་ནས། །བདེ་བ་ཅན་གྱི་ཞིང་དེར་རབ་ཏུ་འགྲོ། །དེར་སོང་ནས་ནི་སྨོན་ལམ་འདི་དག་ཀྱང༌། །ཐམས་ཅད་མ་ལུས་མངོན་དུ་འགྱུར་བར་ཤོག །ཅེས་པའོ། །^p102

ཡང་དགོན་འདིར་འཁོར་རྣམ་བཞིའི་དགེ་འདུན་གྱི་སྡེ་ཆེན་དང༌། རྒྱལ་བའི་བཀའ་འགྱུར་ཆེན་པོ་བོད་ཡིག་དང༌། སོག་ཡིག་རྒྱ་ཡིག་སོགས་ཀྱི་པོ་ཏིའམ་དེབ་གྲངས་ཁྲི་ཕྲག་གཉིས་ལྷག་དང༌། གཙུག་ལག་ཁང་རྣམས་སུ་རྟེན་ཁྱད་པར་ཅན་བཅས་བཞུགས་སོ། །^p103

མར་མེ་མཛད་རྒྱལ་ཡུམ་མཆོད་རྟེན་(燃灯佛母塔)ཞེས་པ་ནི། མཆོད་རྟེན་ར་བའི་གླིང་གི་བྱང་ཕྱོགས་སུ་སྤྱི་ལེ་བདུན་ལྷག་སོང་བ་ན་པོའོ་ཧྭ་སི་(宝华寺)ཞེས་པའི་དགོན་པའི་མདུན་ཟུར་ན་ཡོད་ཅིང༌། དེའི་མཐའ་བཞིར་མཆོད་རྟེན་ཆུང་ངུ་བཞིས་བསྐོར་ནས་ཡོད། འདི་ནི་ཤིན་ཏུ་ངོ་མཚར་ཆེ་སྟེ། མཆོད་རྟེན་འདིའི་རྩ་བ་ལྷ་ས་ན་ཡོད་ཅིང༌། རྐེད་པ་ནི་དེང་སང་མཚོ་སྔོན་གྱི་རྗེ་ཙོང་ཁ་བའི་འཁྲུངས་ཡུལ་སྐུ་འབུམ་བྱམས་པ་གླིང་ན་བཞུགས། རྩེ་མོ་ནི་རི་བོ་རྩེ་ལྔའི་གནས་འདིར་འཇམ་དཔལ་དབྱངས་ཀྱིས་གདན་དྲངས་བར་གསུངས་སོ། །^p104

དེ་ཡང་ད་ལྟའི་མཆོད་རྟེན་ཡོད་ས་འདིར་སྔོན་ཁྱིམ་ཚང་དྲུག་བདུན་ཞིག་ཡོད། ཉིན་ཞིག་དེར་རྒན་པོ་ངོ་མི་ཤེས་པ་ཞིག་ཐོན་ནས་གྲོང་བ་དེའི་མི་རྣམས་ལ། དེ་རིང་ཉིན་གུང་གནས་འདིར་མཆོད་རྟེན་གྱི་རྩེ་མོ་ཞིག་ནམ་མཁའ་ནས་འཕུར་ཏེ་འོང་བས་ཚང་མས་དོགས་ཟོན་མ་བྱས་ན་ཁང་པ་རྣམས་ཀྱང་ཞིག་ཉེན་ཆེ་བས་མི་རྣམས་ཁྱིམ་དུ་མ་འདུག་ཅེས་སྨྲས་པས། དེ་དག་གིས་རྒན་པོ་འདི་སྨྱོན་པ་ཡིན་ནམ་ཅི། མཆོད་རྟེན་གྱི་རྩེ་མོ་འཕུར་ཞེས་པ་ནི་ཡེ་ནས་ཐོས་ཀྱང་མ་མྱོང་བས་ག་ལ་སྲིད་སྙམ་དུ་དེའི་ངག་ལ་སུས་ཀྱང་མ་ཉན། དེ་ནས་ཉིན་གུང་ལ་ཐོན་དུ་ཉེ་བ་ན་རྒན་པོ་དེ་བྲེལ་ཚུབ་ངང་སླར་འུར་སྒྲ་ཆེན་པོ་འདོན་བཞིན་འོང་ངོ༌། །^p105

དེ་ཚེ་ཞིང་ནང་ཞིག་ན་བྱིས་པ་ལོ་དྲུག་པ་ཞིག་རྩེད་མོ་རྩེད་བཞིན་ཡོད་པའི་མདུན་དེར་སོང་ནས། བྱིས་པ་དེའི་འགྲམ་པ་ལ་ཐལ་ལྕག་གིས་དྲག་ཏུ་བསྣུན་ནས་བྱིས་པ་ངུ་བཞིན་ཁྱེར་ཏེ་རྒན་པོ་བྲོས་སོང༌། དེ་ཚེ་གྲོང་བའི་མི་རྣམས་ཀྱིས་མཐོང་བས་ཐམས་ཅད་འུར་ཟིང་བཅས་ར་མདའ་ལ་དེའི་རྗེས་སུ་བསྙེགས་ཀྱང་རྒྱང་གྲགས་ཕྱེད་ཙམ་ལས་རྗེས་མ་ཆོད། དེར་མཚམས་ཡིད་དུ་འོང་བའི་སྤང་ཐོག་ཞིག་ན་གཉིས་ཀ་བདེ་བར་བསྡད་ཡོད། དེ་ཚེ་མི་རྣམས་ཀྱིས་རྒན་པོ་ལ་བརྡེག་པར་བརྩམ་པ་ན། གློ་བུར་དུ་གནམ་ས་རུབ་ནས་མཚན་མོར་གྱུར་ཅིང་རླུང་ཆེན་པོ་དྲག་ཏུ་བྱུང་བ་ན་གློ་བུར་དུ་སྒྲ་ཆེན་པོ་གནམ་ས་གང་བ་ཞིག་བྱུང་ནས་ས་ཡང་གཡོས། ཡུད་ཙམ་ཞིག་གིས་རླུང་འཇམ་ཞིང་སླར་ཉི་མ་ཤར་བར་གྱུར་པས། སྐབས་དེར་ཐམས་ཅད་ཀྱིས་བལྟས་པ་ན་གནས་འདིར་ཟངས་ལས་གྲུབ་པའི་མཆོད་རྟེན་གྱི་རྩེ་ཆེན་པོ་ཞིག་དང་མཆོད་རྟེན་ཆུང་ངུ་བཞི་བཅས་འཕུར་ནས་ཐོན་ཡོད། དེ་ཚེ་གྲོང་པའི་ཁང་པ་འགའ་རེ་ཞིག་ཡོད་ཀྱང་མི་རྣམས་བྱིས་པའི་རྗེས་སུ་བསྙེགས་པ་སོགས་ཕྱི་རོལ་ན་ཡོད་པས་ཅི་ཡང་མ་སྐྱོན། དེ་ཚེ་ཐམས་ཅད་ཀྱིས་རྒན་པོ་དེ་འཇམ་དཔལ་དབྱངས་ཀྱི་སྤྲུལ་བ་ཡིན་པར་ཤེས་ནས་བལྟས་པ་ན། རྒན་པོ་མ་ཟད་རྗེས་ཙམ་ཡང་མི་སྣང༌། དེ་ནས་ཚང་མས་མཆོད་རྟེན་དེ་གནས་གཞན་དུ་མི་འཕུར་བ་སོགས་ཀྱི་ཆེད་དུ་ལྷ་ཁང་བཞེངས་ནས་ནང་དུ་འཇམ་དཔལ་ཡེ་ཤེས་སེམས་དཔའི་སྐུ་ངོ་མཚར་ཅན་ཞིག་ཤིང་ལ་བརྐོས་ནས་བཞུགས་སུ་གསོལ་བ་ཡིན་ཞིང༌། འདི་ལ་ཡོངས་གྲགས་སུ་བོད་ནས་འཕུར་བའི་མཆོད་རྟེན་ཟེར་བ་ཡིན་འདུག རྩེ་མོ་ལ་ཁྲུ་གསུམ་ལྷག་ཡོད་ཅིང་དེར་རྩ་བ་གསར་དུ་བྱས་པའི་རྡོ་ལ་སྲོག་ཆགས་སྣ་ཚོགས་ཀྱི་མཛེས་རིས་བརྐོས་ཡོད། དགོན་འདིར་བྱང་ཆུབ་སེམས་དཔའ་མང་པོའི་སྐུ་སེང་ལྡེང་ལ་བརྐོས་པ་སོགས་རྟེན་གསུམ་མང་ཞིང༌། བོད་ཡིག་དང་སོག་ཡིག་གི་ངོ་མཚར་ཆེ་བའི་རྡོ་རིང་སོགས་ཀྱང་འདུག སེང་གེའི་ཚང་ངམ་བཻཌཱུརྱ་ནོར་བུའི་མཆོད་རྟེན་(狮子窝或琉璃宝塔)ཞེས་པ་ནི། མཆོད་རྟེན་ར་བའི་གླིང་ནས་ལྷོ་ནུབ་ཀྱི་ཕྱོགས་སུ་སྤྱི་ལེ་བཅུ་ཕྲག་གི་མཚམས་སུ་དབུས་རི་ལ་འགྲོ་བའི་ལམ་བར་གྱི་རི་སྒང་ཞིག་ན་ཟུར་བརྒྱད་བང་རིམ་བཅུ་གསུམ་པ་ཞིག་ཡོད་པ་དེ་ཡིན། འདིར་སྔོན་སྐལ་ལྡན་ཞིག་གིས་སེང་གེ་ཁྲི་ཕྲག་མང་པོས་རྩེད་མོ་བྱེད་པ་མཇལ་བས། སེང་གེ་ནི་འཇམ་དཔལ་དབྱངས་ཀྱི་ཆིབས་པ་ཡིན་པས་ནམ་མཁའ་ལ་འཇམ་དཔལ་དེ་སྙེད་ཡོད་པར་མཁྱེན་ནས་དེར་དགོན་པ་བཞེངས་ཏེ་མིང་ལ་འཇམ་དཔལ་དགོན་པའམ་སེང་གེའི་ཚང་ཞེས་བཏགས་སོ། །^p106

མཆོད་རྟེན་ཡང་ལེགས་པར་བཞེངས། ཕྱིས་སུ་ཆན་ལུང་རྒྱལ་པོས་དངུལ་སྲང་སྟོང་ཕྲག་གཉིས་ལྷག་གིས་དགོན་པ་སླར་གསོ་བྱས་ཀྱང་ད་ལྟ་ཤུལ་ཙམ་ལས་མེད། འོན་ཀྱང་མཆོད་རྟེན་ནི་ལོ་བརྒྱ་ཕྲག་གསུམ་དང་བརྒྱད་ཅུ་ལྷག་གི་ཡུན་ལ་མ་ཞིག་པར་ལྷང་ངེར་ཡོད། འདི་ལ་བཻཌཱུརྱ་མཆོད་རྟེན་ཟེར་བའི་རྒྱུ་མཚན་ནི། མཆོད་རྟེན་གྱི་སྟེང་གི་གྱོ་མོ་ཐམས་ཅད་བཻཌཱུརྱ་ལས་གྲུབ་ཅིང་དེར་སངས་རྒྱས་ཁྲི་ཕྲག་གཅིག་གི་སྐུ་རང་དོད་བཞིན་དུ་ཡོད་པར་གསུངས་པས་སོ། །^p107

རྡོ་རྗེ་ནོར་བུའི་མཆོད་རྟེན་(金刚宝塔)ཞེས་པ་ནི། མཆོད་རྟེན་ར་བའི་གླིང་གི་ལྷོ་ལམ་དུ་སྤྱི་ལེ་བཅུའི་མཚམས་སུ་རྡོ་དཀར་གྱི་ཟམ་པ་ཞིག་ཡོད་པ་དེ་བརྒལ་ནས་ཤར་ཕྱོགས་ཀྱི་ལུང་ནང་དུ་སྤྱི་ལེ་གཉིས་ཙམ་སོང་བ་ན་ཟླ་གཟུགས་འཆར་བའི་དགོན་པ་ཡོད། མཆོད་རྟེན་འདི་དེའི་མདུན་ཕྱོགས་ཀྱི་རི་ངོས་ན་ཡོད། དེ་ཡང་སྔོན་མིན་རྒྱལ་རབས་ཀྱི་དུས་སུ་སློབ་དཔོན་མིན་ཀྲོའི་ཞེས་བྱ་བས་གནས་འདིར་འཇམ་དཔལ་དབྱངས་ཀྱི་སྐུ་དང་དགོན་པ་ཞིག་བཞེངས་དགོངས་ནས་འདིར་བྱོན་ཏེ། ནུབ་མོར་ད་ལྟའི་དགོན་པའི་མདུན་གྱི་སྤང་ཐོག་ན་བཞུགས་ཡོད་སྐབས། གློ་བུར་དུ་མདུན་ཕྱོགས་ཀྱི་རི་སྐེད་ནས། རྗེ་བཙུན་འཇམ་དཔལ་དབྱངས་སྐུ་མདོག་ནག་པོ་དབུ་དགུ་དང་ཕྱག་བཅོ་བརྒྱད་ཅན། ཕྱག་རེ་རེ་བཞིན་དུ་སྦྲུལ་ཞགས་དང་ཉི་མ། ཟླ་བ། ཆོས་འཁོར། ལྷུང་བཟེད་དང་རལ་གྲི་སོགས་ཕྱག་མཚན་སྣ་ཚོགས་ཐོགས་པ་ཞིག་འོད་ཟེར་དཀར་པོ་མུ་མཐའ་མེད་པའི་ཀློང་ནས་མངོན་སུམ་དུ་མཇལ་བྱུང༌། དེ་ནས་ཁོང་གིས་འཇམ་དཔལ་མཇལ་བའི་རི་སྐེད་དེར་མཆོད་རྟེན་བང་རིམ་བཅུ་གསུམ་པ་ཞིག་བཞེངས་པ་ད་ལྟ་ཡང་མ་ཉམས་པར་ཡོད་པ་དེ་ཡིན། དགོན་པའི་ནང་དུ་ཁོང་གིས་མཇལ་བའི་འཇམ་དཔལ་དེ་ཇི་ལྟ་བ་བཞིན་དུ་བཞེངས་པ་ད་ལྟའང་ཤིན་ཏུ་འཇིགས་སུ་རུང་བར་ཡོད། འདི་ནི་འཇམ་དཔལ་གྱི་རྣམ་འཕྲུལ་སོ་གཉིས་ལས་འཇམ་དཔལ་ཆོས་ཀྱི་རྡོ་རྗེ་ཞེས་བྱ་བ་ཡིན་པར་རྒྱའི་དཀར་ཆག་རྣམས་ལས་གསུངས།^p108

འདིར་ཟླ་གཟུགས་འཆར་བའི་རྫིང་བུ་(明月池)ཡི་ནང་དུ་གནམ་གང་གི་ནུབ་མོར་བལྟས་ན་ཟླ་བའི་དཀྱིལ་འཁོར་མངོན་སུམ་དུ་མཐོང་བ་ཡིན་པས་མིང་ལ་དེ་སྐད་བཏགས་སྐད། འདིར་སྐྱབས་རྗེ་མཆོག་ཉིད་བྱོན་ཏེ་ཟབ་རྒྱས་ཀྱི་སྨོན་ལམ་གསུངས་ཤིང་གནས་འདིར་དབེན་པའི་ཡོན་ཏན་མ་ཚང་བ་མེད་ཅིང་དབྱར་དུས་སུ་མེ་ཏོག་སྣ་ཚོགས་ཀྱིས་ཡིད་དབང་འཕྲོག་པར་འདུག་གོ །^p109

ཕོའུ་སཱ་ཏེན་(菩萨顶)ཏེ་བྱང་ཆུབ་སེམས་དཔའི་སྤོ་ཞེས་པའི་དགོན་པ་ནི། ཇི་ལྟར་ལྷ་སའི་དམར་པོའི་རི་ལ་པོ་ཏ་ལའི་གཙུག་ལག་ཁང་ཆགས་པ་བཞིན་དུ་གནས་འདིའི་བྱ་རྒོད་ཕུང་པོའི་རི་བོའི་རྩེ་ན་ལྷ་ཁང་རྣམས་ཀྱི་རྒྱ་ཕིབས་ལ་གསེར་འོད་ལམ་ལམ་དུ་འཚེར་བཞིན་བརྗིད་ཉམས་ལྡན་པར་ཆགས་ཡོད། འདི་ནི་དབེ་རྒྱལ་སྲིད་བྱང་མའི་དུས་སུ་བཞེངས་ཤིང་མིན་རྒྱལ་རབས་ཀྱི་དུས་སུ་སླར་གསོ་བྱས་ཏེ་འཇམ་དབྱངས་དགོན་པར་བཏགས་སོ། །^p110

འདིར་ཤིན་ཏུ་ངོ་མཚར་དང་བྱིན་རླབས་ཆེ་བའི་འཇམ་དཔལ་སྤྲུལ་པའི་ལྷ་ཁང་ཞེས་པའི་ནང་ན་འཇམ་དཔལ་མདའ་ཁུར་མ་(带箭文殊)ཞེས་བྱ་བ་ཡོད། དེའང་སྔོན་བཙུན་པ་ཆོས་ཀྱི་སྤྲིན་ཞེས་པས་འཇམ་དཔལ་གྱི་སྐུ་བཞེངས་བར་དགོངས་ནས་བཟོ་བོ་ལ་བཀའ་བསྩལ་བས། བཟོ་བོས་བཞེངས་མ་ཤེས་པར་ཁོང་ལ་དྲིས་པ་ན། ཁོང་གིས་ཀྱང་ཞལ་ཕྱག་སོགས་གསལ་བོར་སྨྲ་མ་ཤེས་པར་གསོལ་བ་བཏབ་པས། ནུབ་གཅིག་སྒྲོན་མེ་གསལ་བའི་འོད་ལ་འོད་ཟེར་སྔོན་པོ་མུ་མཐའ་མེད་པའི་ཀློང་ནས་འཇམ་དཔལ་དབྱངས་དངོས་སུ་ཤར་བས་དེ་ལ་དཔེ་བྱས་ཏེ་བཞེངས་བར་གསུངས་པ་དང༌། ཡང་གསུང་འགའ་རེ་ན། ཁོང་གིས་བཟོ་མ་ཤེས་པས་ཞག་བདུན་ལ་རྩེ་གཅིག་ཏུ་གསོལ་བ་བཏབ་རྗེས། ཉིན་ཞིག་གི་སྔ་མོར་ནམ་མཁའི་ཁམས་ཀྱི་འཇའ་འོད་མཛེས་པའི་གུར་ཁང་ན་འཇམ་དཔལ་གྱི་སྐུ་ལྟ་བས་ཆོག་མི་ཤེས་པ་ཞིག་དངོས་སུ་ཤར་བ་ལ་མྱུར་དུ་དཔེ་བྱས་ནས་བཞེངས་ཤིང༌། མཐར་བཞེངས་ཟིན་རྗེས་འཇམ་དཔལ་འོད་དུ་གྱུར་ནས་སྐུ་ལ་ཐིམ་པར་གསུངས།^p111

འདིའི་ངོ་སྤྲོད་བསྡུས་པ་ཞིག་ལྷ་ཁང་གི་སྒོ་སྟེང་ན་ཡིག་རིགས་དུ་མས་བྲིས་ནས་ཡོད། འདི་ལ་འཇམ་དཔལ་མདའ་ཁུར་མ་ཞེས་པའི་རྒྱུ་མཚན་ནི། དྭངས་བསིལ་རི་བོའི་རྣམ་བཤད་ལས། སྔོན་གོང་མ་ཆན་ལོང་རྒྱལ་པོ་བྱང་རིར་ཕྱིན་ནས་ཕྱིར་འོངས་བ་ན་ལམ་བར་ཙོ་ཡུས་ཁྲུ་ཞེས་པའི་རྫིང་བུ་ཞིག་གི་འགྲམ་ན་བུད་མེད་མང་པོས་གོས་འཁྲུད་བཞིན་ཡོད་པ་མཐོང༌། རྫིང་བུ་དེའི་ནང་ན་གྲྭ་བ་ཞིག་གཅེར་བུ་ལ་བུད་ནས་ཁྲུས་བྱེད་བཞིན་ཡོད་པར་མཐོང་བས། རྒྱལ་པོའི་ཐུགས་ལ་ཁྱིམ་པ་སུན་འབྱིན་དུ་འགྱུར་ཞིང་སངས་རྒྱས་ཀྱི་བསྟན་པ་ལ་རྨ་འབྱིན་པར་དོགས་ནས་རབ་ཏུ་ཁྲོས་ཏེ་མདའ་འཕང་བས། མདའ་དེ་གྲྭ་བའི་ཕྲག་པ་ལ་ཕོག་ནས་བྲོས་སོང༌། དེ་ཚེ་དེའི་ཁྲག་རྗེས་དེད་ནས་འོངས་བ་ན་དགོན་པའི་ནང་གི་འཇམ་དཔལ་སྤྲུལ་པའི་ལྷ་ཁང་འདིར་སླེབས། དེར་བལྟས་པ་ན་མདའ་དེ་ནི་འཇམ་དཔལ་དབྱངས་ཀྱི་སྐུ་འདིའི་ཕྲག་པ་གཡས་པ་ལ་ཟུག་པར་མཐོང་བས་ཁོང་ཤིན་ཏུ་སྐྲག་སྟེ། ཨ། དེ་འཇམ་དཔལ་དབྱངས་ཡིན་པར་འདུག ཅེས་འགྱོད་པ་ཆེན་པོས་ཕྱག་མང་དུ་འཚལ་ཏེ་སོང༌། ཕྱིས་སུ་ཡུན་རིང་དུ་མདའ་དེ་ཀུན་ལ་མཇལ་རྒྱུ་ཡོད་ཅིང༌། རྗེས་སུ་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་སྔ་མ་གཉིས་པས་ཁྱེར་ནས་དེའི་མདུན་དུ་འཇམ་དཔལ་གྱི་སྐུ་ཞིག་བཞེངས་བར་གསུངས། དེས་ན་ལྷ་ཁང་དང་འཇམ་དཔལ་གྱི་མཚན་ལ་དེ་ལྟར་ཐོགས་ཤིང་ད་ལྟའང་ལྟ་བས་མི་ངོམས་པར་འོད་སྟོང་འཚེར་བཞིན་དད་པའི་གནས་སུ་བཞུགས་སོ། །^p112

དགོན་འདིའི་འཇམ་དཔལ་ཆུ་ཐིགས་འཛགས་པའི་ལྷ་ཁང་(滴水殿)ནི། བྱང་ཕྱོགས་སུ་ཡོད་ཅིང་སྔོན་ལྷ་ཁང་འདི་ལ་མེ་འཇིག་མང་དུ་བྱུང༌། ཕྱིས་སུ་དེ་འགོག་ཆེད་ཁང་སྟེང་གི་གྲ་ཟུར་རྣམས་ཀླུ་སྣ་ཚོགས་ཀྱི་གཟུགས་སུ་བཞེངས་ཕྱིན་གནམ་གཤིས་དྲོ་གྲང་དང་ཆར་ཆུ་ཡོད་མེད་སོགས་གང་ལའང་མི་ལྟོས་པར་དུས་རྟག་ཏུ་ཤིན་ཏུ་དྭངས་བའི་ཆུ་ཐིགས་ཟེགས་ཀྱིན་ཡོད་པས་འོག་གི་རྡོ་རྣམས་ཀྱང་གཏིང་ཟབ་ཏུ་ཕུག་ནས་ཡོད། འདི་དག་ད་ལྟའང་མངོན་སུམ་དུ་གྱུར་ཅིང་དད་ལྡན་མང་པོས་འཇམ་དཔལ་གྱིས་ཁྲུས་བྱེད་དོ་ཞེས་དགའ་བས་རོལ་ཞིང་ངོ་མཚར་ཆེ་བ་ཞིག་འདུག^p113

ངོ་མཚར་ཆེ་བ་ལྕེ་མེད་པའི་རྡོའི་སེང་གེ་ནི། སྔོན་སྤྱི་ལོ་༡༧༡༤ལོར་དགོན་འདིའི་སྒོ་ཕིབས་བཞེངས་སྐབས་ཐེངས་མང་པོར་དགོན་ནང་གི་ཟ་མ་བོར་ཞིང་དེར་གཅན་གཟན་གྱི་རྗེས་ཀྱང་མཐོང་བས་ཇ་མས་ཅི་ཡིན་སྙམ་ནས་ཉིན་ཞིག་དེར་གབ་ནས་བལྟས་པ་ན། སེང་གེ་གཉིས་རིམ་གྱིས་འོངས་ནས་ཟ་མ་མང་དུ་ཟོས་ནས་ཕྱིར་སོང་བ་མཐོང་བས། ཕྱིར་ཉིན་ཉམས་མཚར་དུ་ཟ་མའི་ནང་ལ་གྲི་ཞིག་བཞག་པས་སླར་སེང་གེ་གཉིས་པོ་འོངས་ནས་ཟ་མ་ཟོས་ཚེ་གཅིག་གི་ལྕེ་བཅད་པས་གློ་བུར་དུ་སྒྲ་དང་བཅས་ཏེ་ཕྱིར་བྲོས་སོང༌། ཉིན་དེའི་ཕྱི་དྲོར་དགོན་པའི་སྒོ་ཟུར་ན་ཡོད་པའི་རྡོ་སེང་གཉིས་ལས་གཡས་ཕྱོགས་ཀྱི་སེང་གེ་ལ་ལྕེ་མེད་པར་མཐོང་བས་ཁོ་ཤིན་ཏུ་ཡ་མཚན་སྐྱེས་ཏེ། དྲུང་དེར་ཕྱིན་ནས་ངེད་ཅག་གི་ཟ་མ་རྐུ་མཁན་དེ་ཁྱོད་མ་ཡིན་ནམ་ཞེས་སྨྲས་པ་ན། རྡོ་སེང་དེས་སྐྱེངས་བའི་ཉམས་དང་བཅས་ཏེ་མགོ་བོ་གུག་གུག་ལན་མང་དུ་བྱས། དེ་ནས་ཚང་མས་འཇམ་དཔལ་གྱི་ཆོ་འཕྲུལ་ཞིག་ཏུ་ཤེས་སོ། །^p114

འདི་ཕྱི་རྒྱལ་རྣམས་ཀྱིས་རྩིས་ཆེར་འཛིན་ཞིང་ད་ལྟའང་མཇལ་རྒྱུ་ཡོད། འདིའི་སྒོ་མཚམས་སུ་སྐས་ཐེམ་བརྒྱ་དང་བརྒྱད་ཡོད་པའི་སྟེང་དུ་ཉིན་རེ་བཞིན་འཇམ་དཔལ་དབྱངས་གང་འདུལ་གྱི་གཟུགས་སུ་བྱོན་པར་གསུངས། དགོན་ནང་ཤར་ལོགས་སུ་རྡོ་རིང་ངོ་མཚར་ཅན་ཞིག་ལ་བོད་ཡིག་དང་རྒྱ་ཡིག སོག་ཡིག མན་ཡིག་བཅས་ཤིན་ཏུ་ལེགས་པོ་བརྐོས་ཡོད། མདོར་ན་དགོན་འདིར་ལྷ་ཁང་དང་རྟེན་གསུམ་ཆེས་མང་ངོ༌། །^p115

འདིར་སྐྱབས་རྗེ་མཆོག་ཉིད་ཡུན་རིང་དུ་བཞུགས་ནས་ཐུན་མིན་སྣོད་ལྡན་གྱི་འཁོར་ལ། རྟེན་འབྲེལ་ཉེས་སེལ་གྱི་དབང༌། ཆོས་དབྱིངས་རིན་པོ་ཆེ་མཛོད་ཀྱི་རྩ་བའི་ཁྲིད་ལུང༌། ཐིག་ལེ་གསང་རྫོགས་སོགས་ཟབ་རྒྱས་ཀྱི་ཆོས་འཁོར་བསྐོར་ཞིང༌། ཐུན་མོང་གི་འཁོར་ཏེ། རྒྱ་བོད་ཧོར་གསུམ་དང་མན་རིགས་སོགས་ཀྱི་མི་རིགས་མི་འདྲ་བ་དང༌། ཕྱི་སོག འཇར་པན། འབར་མ། ཨ་རི་སོགས་རྒྱལ་ཁབ་དུ་མའི་འཁོར་ཁྲི་ཕྲག་ལྷག་ཙམ་ལ། རྗེ་ཙོང་ཁ་བའི་ལམ་གྱི་གཙོ་བོ་རྣམ་གསུམ་དང༌། ལམ་རིམ་དོན་བསྡུས། རྒྱལ་སྲས་དངུལ་ཆུ་ཐོགས་མེད་ཀྱིས་རྒྱལ་སྲས་ལག་ལེན་སོགས་གསུངས་ཏེ་བགྲང་ལས་འདས་པའི་འགྲོ་བ་རྣམས་ཐར་བའི་ལམ་ལ་བཀོད། འདིར་གསར་དུ་རྟེན་བཞེངས་བྱས་ཚུལ་ནི། འཇམ་དཔལ་སྤྲུལ་པའི་ལྷ་ཁང་གི་གཡོན་ཟུར་ན་བོད་ཀྱི་གཙུག་ལག་ཁང་ཆེན་པོ་གཉིས་བཞེངས་ཏེ་གཅིག་གི་མིང་ལ་ལྷང་ལྷང་ནོར་བུའི་གཙུག་ལག་ཁང་དང༌། གཅིག་ལ་གསང་ཆེན་འོད་སྐུར་གྲོལ་བའི་གཙུག་ལག་ཁང་ཞེས་སོ། །དང་པོའི་ནང་ན། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས། གྲུབ་པའི་དབང་ཕྱུག་པདྨ་འབྱུང༌། །རྣམ་འཕྲུལ་དཔལ་ལྡན་མར་མེ་མཛད། །ཡང་སྤྲུལ་བློ་བཟང་གྲགས་པའི་དཔལ། །ཁྱོད་མིན་བདག་ལ་སྐྱབས་གཞན་གང༌། །ཞེས་གསུངས་པ་ལྟར་དུ་དབུས་སུ་གྲུབ་དབང་པདྨ་འབྱུང་གནས། གཡས་སུ་དཔལ་ལྡན་མར་མེ་མཛད་དང༌། གཡོན་དུ་རྗེ་བདག་ཉིད་ཆེན་པོ་ཙོང་ཁ་པ་བཅས་ཀྱི་སྐུ་སོགས་རྟེན་འབྲེལ་གྱིས་ཞལ་བོད་ཡུལ་དུ་ཕྱོགས་ཏེ་བཞེངས་སོ། །^p116

དེའང་ཨོ་རྒྱན་ཆེན་པོ་ལྷོ་ནུབ་འོ་མའི་ཆུ་གཏེར་དུ་པདྨའི་གེ་སར་ལས་འཁྲུངས་ཚུལ་དུ་བཞེངས་ཏེ་གཡས་ཕྱོགས་ཀྱི་པད་འདབ་རྣམས་ཀྱི་སྟེང་ན་རིམ་བཞིན་དུ། ཇོ་བོ་ཡིད་བཞིན་ནོར་བུ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས། རིག་འཛིན་འཇིགས་མེད་གླིང་པ་རྣམས་ཀྱི་སྐུ་དང༌། གཡོན་ཕྱོགས་སུའང་འཇམ་དཔལ་ཡེ་ཤེས་སེམས་དཔའ། ཀུན་མཁྱེན་མི་ཕམ་རྒྱ་མཚོ། གཏེར་ཆེན་ལས་རབ་གླིང་པ་བཅས་ཀྱི་སྐུ་ལེགས་པར་བཞེངས་ཡོད།^p117

གཞན་ཡང་གཙུག་ལག་ཁང་ཆེན་པོ་འདིའི་ནང་གི་གཡས་ཕྱོགས་སུ་འཇམ་དཔལ་དང༌། རྡོ་རྗེ་སེམས་དཔའ། ལྕགས་མདུད་ཤེས་རབ་རྒྱལ་མཚན་རྣམས་ཀྱི་སྐུ་དང༌། གཡོན་ཕྱོགས་སུ་པཎ་ཆེན་བཱི་མ་མི་ཏྲའི་སྐུ་གཉིས་དང༌། འཇའ་ལུས་པ་པདྨ་བདུད་འདུལ། ཨོ་རྒྱན་གཏེར་བདག་གླིང་པ་རྣམས་ཀྱི་སྐུ་ཆུང་ངུ་བཅས་ཡིད་དབང་འཕྲོག་པའི་བཟོ་རྩལ་ཆེས་ཕུལ་ཏུ་བྱུང་བ་བཞེངས་ཡོད། དེ་ནས་གཙུག་ལག་ཁང་གཉིས་པའི་ནང་ན། བླ་མ་བཱི་མ་མི་ཏྲ་དང༌། ཡི་དམ་འཇམ་དཔལ་དབྱངས། ཆོས་སྐྱོང་གེ་སར་རྒྱལ་པོ་བཅས་ཀྱི་སྐུ་ངོ་མཚར་ཆེ་བ་དང༌། གཞན་ཡང་འདིར་མཁན་སློབ་ཆོས་གསུམ་དང༌། རྡོར་སེམས། བཱི་མའི་སྐུ་ཅུང་ཟད་ཆུང་བ་བཅས་བཞེངས་ཡོད།^p118

འདིར་ཨོ་རྒྱན་ཆེན་པོའི་ཐུགས་ཀ་ན་ཡོད་པ་དེ་ནི་པད་འབྱུང་དངོས་ཀྱིས་གུ་རུ་ང་འདྲ་མ་ཞེས་དབུགས་དབྱུང་ཞིང་ཕྱིས་སུ་གཏེར་ཆེན་ལས་རབ་གླིང་པས་གདན་དྲངས་ཏེ་གུ་རུ་གསུང་འབྱོན་མ་ཞེས་པ་དེའོ། །འཇམ་དཔལ་གྱི་ཐུགས་ཀར་ཡོད་པ་ནི་ཀུན་མཁྱེན་མི་ཕམ་རིན་པོ་ཆེའི་གདུང་རུས་ལས་གྲུབ་པ་ངོ་མཚར་གྱི་རྟགས་མཚན་དང་བྱིན་རླབས་ཚད་མེད་པའི་འཇམ་དཔལ་སྐུ་ཆུང་ངུའོ། །^p119

གཞན་ཡང་གོང་འོག་གི་རྟེན་བཞེངས་གསར་བ་ཐམས་ཅད་ཀྱི་གཟུངས་གཞུག་ཏུ། ཡུངས་འབྲུ་ལྟ་བུའི་རིང་བསྲེལ། སངས་རྒྱས་ཀྱི་རིང་བསྲེལ་མཁྱེན་བརྩེའི་གཏེར་བྱོན། འཕགས་པ་ཤིང་ཀུན་འཕེལ་གདུང༌། འོད་སྲུང་འཕེལ་གདུང༌། གུ་རུའི་དབུ་ལྗོན་དང་ན་བཟའ། ཀཿཐོག་བླ་རབས་བཅུ་གསུམ་གྱི་གདུང་རུས། རྗེ་རིན་པོ་ཆེའི་ན་བཟའ། ལས་གླིང་གདུང་རུས། དཔལ་སྤྲུལ་རིན་པོ་ཆེའི་ཚེམས། སྐུ་གདུང་རིང་བསྲེལ་སོགས་དང༌། གཞན་ཡང་ཆེས་མང་པོ་རྗེ་ཉིད་ཀྱི་ཕྱག་ནས་བརྒྱུད་དེ་བཞག་ཀྱང་རེ་རེ་ནས་མ་སྨྲོས་སོ། །^p120

བཀྭང་ཙོང་སི་(广宗寺)སྟེ་ཐུབ་བསྟན་གསལ་བའི་གླིང་ཞེས་པ་ནི། གོང་གི་དགོན་པའི་འོག་ན་ཡོད་ཅིང༌། འདིར་ལྷ་ཁང་སོགས་མང་པོ་ཡོད། ཁྱད་པར་གཙུག་ལག་ཁང་ཆེན་པོ་ཞིག་གི་སྟེང་ཐམས་ཅད་ཟངས་ལས་གྲུབ་ཅིང་ཆེས་ངོ་མཚར་ཆེ་བ་བརྩེགས་རིམ་གཉིས་ཀྱི་ནང་དུ་ཟངས་ལས་བཞེངས་པའི་འོད་དཔག་མེད་གཙོ་འཁོར་དང་ལྕགས་ལས་བྱས་པའི་དགྲ་བཅོམ་བཅོ་བརྒྱད་སོགས་ཡོད། ཡང་འཇམ་དཔལ་གྱི་རྣམ་པར་འཕྲུལ་བ་ངང་པས་ཆུ་འཇེབ་ཅེས་པའི་ལོ་རྒྱུས་ངོ་མཚར་ཅན་ཡང་དགོན་འདི་ལས་བྱུང་བར་གྲགས།^p121

ཟངས་ཁང་གི་རྒྱབ་ཀྱི་མཆོད་རྟེན་ནི་རྒྱ་བོད་ཀྱི་ཡིག་རིགས་ཐམས་ཅད་བྱང་ཆུབ་ཅིང་རྗེའི་ལམ་རིམ་དང་སྔགས་རིམ་སོགས་རྒྱ་ནག་གི་སྐད་དུ་སྒྱུར་བ་པོ་སངས་རྒྱས་ཀྱི་བསྟན་པ་ལ་འགྲོ་དོན་བླ་ན་མེད་པའི་བླ་མ་ཧྥ་བཙེན་(法尊师)ཞེས་པའི་སྐུ་གདུང་ཡིན་པར་གསུངས།^p122

འདིར་གསར་དུ་གུ་རུའི་སྐུ་ཞིག་བཞེངས་ཡོད། དེའི་འོག་ཏུ་ཡན་ཀྲོའོ་སིའམ་(园照寺)སྨོན་ལམ་རྒྱ་མཚོའི་གླིང་ཞེས་པའི་དགོན་ཡོད། འདིའི་མིང་ལ་སྔོན་ཅིན་ལིན་སི་ཟེར་ཡང༌། ཕྱིས་སུ་བལ་བོ་རྒྱལ་ཁབ་ནས་བྱོན་པའི་གྲུབ་ཐོབ་ཆེན་པོ་སི་ནེ་ས་ཞེས་པ་དགོན་འདིར་ཡུན་རིང་དུ་ཏིང་ངེ་འཛིན་ལ་བཞུགས། དེ་ཚེ་རྒྱ་ནག་རྒྱལ་པོས་པེ་ཅིན་དུ་གདན་དྲངས་ཏེ་ཟབ་རྒྱས་ཀྱི་ཆོས་རྒྱ་ཆེར་གསུངས།^p123

ཉིན་ཞིག་བླ་མས་ཁོང་མྱུར་དུ་སླར་རི་བོ་རྩེ་ལྔར་བྱོན་དགོས་པར་གསུངས་ཀྱང༌། རྒྱལ་པོས་ད་དུང་པེ་ཅིན་དུ་བཞུགས་དགོས་ཞེས་བྱོན་པར་བཀས་མ་གནང༌། དེའི་ཕྱིར་ནངས་བླ་མ་ཞི་བར་གཤེགས་ཏེ་སྐུ་འཇའ་འོད་དུ་དྭངས་ནས་རིང་བསྲེལ་དུ་མ་ལས་གཞན་མི་སྣང་བར་གྱུར་ཡོད། རྒྱལ་པོ་ཧ་ཅང་འགྱོད་དེ་རིང་བསྲེལ་རྣམས་བགོས་ཏེ། འགའ་ཞིག་ནི་པེ་ཅིན་དུ་མཆོད་རྟེན་དང་དགོན་པ་བཞེངས་པའི་ནང་རྟེན་བྱས་མིང་ལ་ཀྲིན་ཅོ་(真觉)ཞེས་པ་དེ་ཡིན། འགའ་ཞིག་རི་བོ་རྩེ་ལྔའི་དགོན་པ་འདིར་དེང་སང་ཡོད་པའི་མཆོད་རྟེན་འདིའི་ནང་རྟེན་བྱས། དགོན་པའང་སླར་གསོ་བྱས་ཏེ་མིང་ལའང་སྨོན་ལམ་རྒྱ་མཚོའི་གླིང་ཞེས་པར་བསྒྱུར། དགོན་འདིར་ཡང་གསར་དུ་གུ་རུའི་སྐུ་ཞིག་བཞེངས་ཡོད། ལོ་ཧིག་སིའམ་(罗睺寺)སྒྲ་གཅན་གླིང་ཞེས་པ་ནི་གོང་གི་དགོན་གྱི་འོག་ན་ཡོད། འདིར་སྔོན་ལྗོན་ཤིང་ཞིག་ཡོད་པའི་སྟེང་དུ་འཇམ་དཔལ་དབྱངས་ཉིད་རི་བོ་རྩེ་ལྔའི་ཤར་ཕྱོགས་ཞོག་བཅུའི་མཁར་ཞེས་པ་ནས་མའི་གཙུག་ཏུ་བྱིས་པ་གཞོན་ནུའི་ཚུལ་གྱིས་འཁྲུངས་ཏེ་ལྗོན་ཤིང་གི་རྩེར་སྣང་བར་བྱས་ཏེ་འདུས་པ་དང་པོའི་འཁོར་ལ་ཆོས་གསུང་བར་དཀར་ཆག་ལྷུན་པོ་བཀོད་པའི་རྒྱན་ལས་གསུངས།^p124

དེའང་མཁས་གྲུབ་ནོར་བཟང་རྒྱ་མཚོ་སོགས་དཔལ་ལྡན་ཕུག་པའི་ལུགས་བཞིན་བདག་ཅག་གི་སྟོན་པ་དགུང་གྲངས་གྱ་གཅིག་ལྕགས་འབྲུག་ནག་ཟླའི་ཉ་ལ་དུས་འཁོར་གསུངས། ཕྱི་ཟླར་རྩ་མཆོག་དྲུང་དུ་མྱ་ངན་ལས་འདས་ནས་བགྲང་བྱ་ཞེ་བཞི་ན་འཇམ་དཔལ་དབྱངས་གནས་འདིར་བལྟམས་པར་བཞེད་དོ། །དགོན་འདིར་ཨོ་རྒྱན་ཆེན་པོ་དང༌། མཉམ་མེད་ཇོ་བོ་རྗེ། རྗེ་བཙུན་ཙོང་ཁ་བ། ཚེ་དཔག་མེད་དང༌། རྣམ་རྒྱལ་མ། སྒྲོལ་མ་བཅས་ཀྱི་སྐུ་གསར་དུ་བཞེངས་ཡོད།^p125

ཤན་ཐོང་སིའམ་(显通寺)མངོན་པར་གསལ་བའི་གླིང་ནི་མཆོད་རྟེན་ར་བའི་གླིང་གི་རྒྱབ་ན་ཡོད། འདིར་རྟེན་ཁྱད་པར་ཅན་གཙོ་བོ་བྱིན་རླབས་དང་ངོ་མཚར་ཆེ་བའི་འཇམ་དཔལ་སྐུ་ཞིག་ཡོད་དེ། དེ་ཡང་རིང་མིན་གྱི་ཆར་སྤྱི་ལོ་༡༩༨༣ལོར་ཧྲང་ཧེ་གྲོང་ཁྱེར་(上海市)གྱི་དགེ་བསྙེན་མང་པོ་ཞིག་རི་བོ་རྩེ་ལྔར་གནས་མཇལ་འོང་གྲབས་བྱས་ཏེ་ལམ་དུ་ཞུགས་དུས་སུ། ངོ་མི་ཤེས་པའི་སྐྱེ་བོ་ཡིག་འཁྱེར་བའི་གོས་མདོག་ལྟར་གྱོན་པ་སྔོ་སྐྱ་ཅན་ཞིག་དེར་ཐོན་ནས། རི་བོ་རྩེ་ལྔར་ངེད་ཅག་མཉམ་དུ་འགྲོ་ཞེས་ཉིན་མང་པོར་མེ་འཁོར་དང་རླངས་འཁོར་རྣམས་སུ་ལྷན་ཅིག་ཏུ་འོང་ཞིང༌། དེ་རྣམས་ཀྱི་ཅ་ལག་སོགས་ཀྱང་འཛིན་གྲོགས་བྱས་ཏེ་རི་བོ་རྩེ་ལྔའི་ཤན་ཐོང་སིའམ་དགོན་འདིའི་སྒོར་སླེབས་པ་ན། དེས་སྨྲས་པ། རི་བོ་རྩེ་ལྔ་འདི་ང་ལ་ཤིན་ཏུ་འདྲིས་ཆ་ཆེ་བས། ངས་ཁྱེད་རྣམས་ཁྲིད་དེ་འཇམ་དཔལ་ལྷ་ཁང་དུ་སྤོས་མཆོད་དུ་འགྲོ་ཞེས་འཇམ་དཔལ་ལྷ་ཁང་དུ་ཐོན་ཚེ། མི་དེ་འཇམ་དཔལ་གྱི་སྐུ་དེ་དང་དབྱེར་མེད་དུ་གྱུར་སོང་། དེར་བལྟས་པ་ན་འཇམ་དཔལ་གྱི་སྐུ་དང་སྔོན་གྱི་མི་དེའི་བཞིན་གྱི་མདོག་དབྱིབས་དང་རྒྱན་ཆ་མང་པོ་ཤིན་ཏུ་འདྲ་ཞིང༌། དེ་མ་ཐག་འཇམ་དཔལ་གྱི་སྐུ་དེ་ལས་སྤོས་དུད་མང་པོ་ཕྱུར་ནས་ལྷ་ཁང་ནང་ཐམས་ཅད་དྲི་ཞིམ་གྱིས་གང༌། དེ་ཚེ་ཐམས་ཅད་ངོ་མཚར་ཞིང་དད་པར་གྱུར་ཏེ་ཕྱག་མང་པོ་འཚལ་ཞིང་གསོལ་བ་དྲག་ཏུ་བཏབ་བོ། །སྐུ་འདི་ཉིད་ད་ལྟའང་བཞུགས་ཡོད།^p126

སྔོན་དགོན་པ་འདིའི་བླ་མ་བོའུ་ཁྲེན་ཞེས་པ་ཕ་ཡུལ་སོའུ་ཀྲུའུ་ནས་ཡིན་ཞིང༌། ཁོང་གི་ཐུགས་དགོངས་ལ་རི་བོ་རྩེ་ལྔའི་དགེ་འདུན་རྣམས་ལ་འཚོ་བ་དྲངས་དགོངས་ནས་ཕྱོགས་མང་པོར་བསོད་སྙོམས་སུ་ཕྱིན། ཐེངས་ཤིག་ཉིན་མང་པོར་ཁ་བ་བབས་ནས་མཚན་མོ་ཞིག་ལ་ཧྥེན་ཀྲུའུ་གྲོང་ཁྱེར་གྱི་ཉེ་འཁོར་དུ་སླེབས། ཁོང་གི་ན་བཟའ་ཤིན་ཏུ་སྲབ་པས་གྲང་ངར་གྱིས་གདུངས་ནས་འཆི་བར་ཉེ་ཡང་ཉིད་ཀྱི་ཐུགས་ལ། ད་ལྟ་མཚན་མོར་མི་རྣམས་ལ་བོས་ན། དེ་དག་ལ་ངལ་གསོ་བྱེད་པ་ལ་གནོད་དུ་འགྱུར་བས་ད་ཤི་ཡང་ཤི་སྙམ་དུ་འདར་བཞིན་གྲོང་མཐའ་དེར་གནས་སོ། །^p127

སྐྱ་རེངས་ཤར་དུ་ཉེ་བ་ན་གྲོང་ཁྱེར་དེའི་མི་བརྒྱ་སྟོང་མང་པོ་ཅིག་ཆར་དུ་དེར་ཐོན་ནས་ཁོང་གི་སྐུ་སྲོག་བསྐྱབས། དེ་དག་འོང་བའི་རྒྱུ་མཚན་ནི། གྲོང་ཁྱེར་དེའི་མི་ཐམས་ཅད་ཀྱི་རྨི་ལམ་ལ་མཐུན་པར། གསེར་ཁྲབ་ཅན་གྱི་ལྷ་ཞིག་འོངས་ནས། ཁྱེད་ཅག་གི་གྲོང་ཁྱེར་གྱི་ཉེ་ཟུར་ན་རི་བོ་རྩེ་ལྔའི་འཇམ་དཔལ་དབྱངས་གྲང་ངར་གྱིས་འཆི་བར་ཉེ་འདུག་གོ །ཞེས་སྐད་གསང་མཐོན་པོས་ལན་དུ་མར་སྒྲོག་པ་རྨིས་ཏེ་མནལ་སད་པས་ཐམས་ཅད་ཕན་ཚུན་སྨྲས་ཏེ་ངོ་མཚར་ནས་ཅི་ཡིན་སྙམ་དུ་འོང་བ་ཡིན་ཞིང༌། དེ་ནས་བླ་མ་ལ་ཐམས་ཅད་ཀྱིས་འཇམ་དཔལ་དབྱངས་དངོས་བཞིན་དད་དེ་གསེར་དངུལ་རིན་པོ་ཆེ་སོགས་འབྱོར་བ་མང་པོས་མཆོད་པས། ཁོང་སླར་རི་བོ་རྩེ་ལྔའི་དགོན་འདིར་བྱོན་ནས་གནས་འདིའི་དགེ་འདུན་རྣམས་ལ་འཚོ་བ་དྲངས་ཤིང་དགོན་སྡེ་རྣམས་ལ་རྟེན་བཞེངས་མང་པོ་མཛད།^p128

འདིར་ལིའི་ལྷ་ཁང་ངོ་མཚར་ཆེ་བ་ཞིག་ཡོད་པ་ནི། མིན་རྒྱལ་སྲིད་ཀྱི་དུས་སུ་ལི་རྒྱ་མ་འབུམ་ཐེར་གཅིག་གིས་བཞེངས་བར་གསུངས། འདིའི་ནང་དུ་སངས་རྒྱས་ཁྲི་ཕྲག་གཅིག་གི་སྐུ་འབུར་དོད་དུ་ཡོད། འདིའི་མདུན་ཕྱོགས་ན་སྔོན་སེན་ཧོང་ཞེས་པའི་བཙུན་པ་ཞིག་གིས་བཞེངས་པའི་ཟངས་ཀྱི་མཆོད་རྟེན་ལྔ་ཡོད་ཀྱང་ད་ལྟ་གཉིས་ལས་མེད། ཡང་དགོན་འདིའི་འགྲེམས་སྟོན་ཁང་དུ་འཇམ་དཔལ་གྱི་ཞབས་ལྷམ་སོགས་རྟེན་ཁྱད་པར་ཅན་མང་པོ་ཡོད།^p129

འདིར་ཡིག་འབྲུའི་མཆོད་རྟེན་ཞེས་པ་དེ་ནི། སྔོན་ཁང་ཤིས་རྒྱལ་པོའི་སྐབས་སོའུ་ཀྲུའི་བཟོ་བོ་མཁས་པས་ལོ་བཅུ་གཉིས་ཀྱི་རིང་ལ་སྤྱོད་ལམ་སྤངས་ནས་མདོ་སྡེ་ཕལ་པོ་ཆེའི་ཡིག་འབྲུ་ཚང་མ་མཆོད་རྟེན་གྱི་གཟུགས་སུ་རས་ལ་བྲིས་པ་ཞིག་ཡིན་ནོ། །སྲིད་དུ་ཁྲུ་བཅུ་བདུན་དང་ཞེང་དུ་ཁྲུ་ལྔ་འདུག ཡང་འདིར་སྔོན་བོའི་ལང་ཞེས་པའི་དཔའ་བོ་ཞིག་རབ་ཏུ་བྱུང་ནས་ཕྱིས་སུ་ཁོང་གིས་ལག་པ་ཡ་གཅིག་གིས་རྟག་ཏུ་རྩེད་མོ་བྱེད་པའི་ལྕགས་དབྱུག་རྒྱ་མ་བརྒྱད་ཅུ་གྱ་གཅིག་ཅན་ཞིག་ཡོད་པ་འུ་ཅག་གིས་ལག་པ་གཉིས་ཀྱིས་ཀྱང་འདེགས་དཀའོ། །^p130

དགོན་པ་འདིའི་ཕྱི་སྒོའི་སྟེང་ན་མིན་རྒྱལ་རབས་དུས་སུ་ཟངས་རྒྱ་མ་སྟོང་ཕྲག་དགུ་དང་དགུ་བརྒྱ་གོ་དགུ་དང་ཕྱེད་ཀྱིས་བཞེངས་པའི་དྲིལ་བུ་ཆེན་པོ་ཞིག་ཡོད། འདིའི་སྒྲ་ལེ་དབར་བཅུའི་བར་དུ་འགྲོ་ཞིང་ཐོས་ཚད་ལ་ངན་སོང་མེད་པར་གསུངས། ཕྱི་ནང་ཐམས་ཅད་ངོ་མཚར་གྱི་བཀོད་པ་དུ་མས་ཕྱུག་ཅིང་གཟབ་ཡིག་ཁྲི་ཕྲག་ལྷག་གསལ་བོར་དོད་ཡོད། འདི་ལ་ད་ལྟ་རྒྱ་དང་སོག་པོ་རྣམས་ཀྱིས་གཤིན་པོའི་བསྔོ་ཡིག་སོགས་འཕེན་གྱིན་འདུག^p131

ཧྲོའུ་ཤང་སིའམ་(殊像寺)ཡོངས་གྲགས་སུ་འཇམ་དབྱངས་གསུང་འབྱོན་མའི་དགོན་པ་ནི། མཆོད་རྟེན་ཆེན་པོའི་ལྷོ་ཕྱོགས་སུ་ལེ་དབར་ཕྱེད་ལྷག་གི་མཚམས་སུ་ཡོད། འདིའི་འཇམ་དབྱངས་གསུང་འབྱོན་མ་ལ་མཚན་གཞན་འཇམ་དབྱངས་རྩམ་མགོ་མ་ཞེས་ཀྱང་གྲགས་ཏེ། འདིར་མིན་རྒྱལ་སྲིད་ཀྱི་དུས་སུ་འཇམ་དཔལ་གྱི་སྐུ་ཞིག་བཞེངས་ཀྱང་དེའི་དབུ་ནི་སུས་ཀྱང་ལེགས་པར་བཟོ་མ་ཤེས་པར་ལུས་པ་ན། ཉིན་ཞིག་ནམ་མཁའི་སྤྲིན་ཕྲེང་འཇའ་འོད་ཀྱི་ཀློང་ན་འཕགས་པ་འཇམ་པའི་དབྱངས་སེང་གེ་ལ་ཆིབས་པའི་སྐུ་ཤིན་ཏུ་ཡིད་དབང་འཕྲོག་པ་ཞིག་དངོས་སུ་ཀུན་གྱིས་མངོན་སུམ་དུ་མཇལ་བྱུང༌། དེ་ཚེ་བཟོ་བོས་མྱུར་དུ་རྩམ་རྗེན་གྱིས་འཇམ་དཔལ་དེའི་དབུ་ཇི་ལྟ་བ་བཞིན་དུ་བྱས་སོ། །དེ་རྗེས་གཟོད་མི་སྣང་བར་གྱུར་སོང༌། ཕྱིས་སུ་འཇིམ་པ་སོགས་ཀྱིས་དབུ་ལན་འགར་བྱས་ཀྱང་ལེགས་པར་མ་བྱུང་བས། སྔར་གྱི་རྗེན་ལས་བྱས་པའི་དབུ་དེ་ཉིད་སྦྱར་བ་ན་ཆེས་ལེགས་པོར་གྲུབ་བོ། །^p132

ཡང་གསུང་སྲོལ་གཞན་ལ་སྐུ་འདི་ཉིད་མུན་རྒྱལ་རབས་ཀྱི་དུས་སུ་རྒྱ་ནག་རྒྱལ་པོས་བཟོ་བོ་འགའ་ཞིག་ལ་བཞེངས་དགོས་པའི་བཀའ་གནང་བྱུང༌། དེ་དག་གིས་དབུ་མ་གཏོགས་པ་བཞེངས་ཟིན་རྗེས་སུ། ཉིན་ཞིག་སང་ཉིན་རྒྱལ་པོ་གནས་འདིར་འོང་ངོ་ཞེས་ཐོས་པས་བཟོ་བོ་རྣམས་སྐྲག་ནས་མྱུར་དུ་རྩམ་པ་ལས་དབུ་བྱས་སོ། །^p133

ཕྱིར་ནངས་རྒྱལ་པོ་བྱོན་ནས་དགེ་འདུན་རྣམས་བསྡུས་ཏེ་རབ་གནས་དང་རྟེན་བཞུགས་མཛད་དེ་སླར་ལོག་སོང༌། དེ་རྗེས་བཟོ་བོ་རྣམས་ཀྱིས་དབུ་དེ་ལེགས་པར་བརྗེ་སྙམ་དུ་བཅད་ཀྱང་མ་ཆོད། དེ་ཚེ་འཇམ་དཔལ་སྐུས་དངོས་སུ་གསུང་འབྱོན་ཏེ་དེ་བརྗེ་མི་དགོས་ཞེས་གསུངས་པས་འཇམ་དཔལ་གསུང་འབྱོན་མ་ཞེས་གྲགས་སོ། །ཕྱི་མ་འདི་དཀར་ཆག་ན་མ་མཐོང་ཡང་གནས་འདིའི་སྐྱེ་བོ་ཡོངས་ལ་རླུང་ལྟར་གྲགས་པས་འདིར་བཀོད་པའོ། །^p134

མདོར་ན་སྐུ་འདི་ཉིད་ད་ལྟའང་མ་ཉམས་པར་བཞུགས་ལ། འདི་ཉིད་འཇམ་དཔལ་སེང་གེ་ལྗང་གུར་ཆིབས་པ་ཆེས་རྔམ་བརྗིད་དང་ལྡན་པར་འདུག འདི་གནས་འདིའི་སྐུ་ཐམས་ཅད་ཀྱི་ཆེ་ཤོས་ཏེ་སྐུ་འདིའི་མཐོ་དམན་ལ་ཁྲུ་ཉེར་བདུན་ལྷག་ཡོད། འདིའི་དྲུང་དུ་ཚེས་བཟང་པོར་སྐྱབས་རྗེ་ཉིད་བྱོན་ཏེ་སྨོན་ལམ་སོགས་རྒྱ་ཆེར་གསུངས་ཤིང༌། སྐུ་འདི་ལ་ཕྱག་མཚན་གསོལ་བ་དང༌། དགོན་འདིར་སྟོན་པ་ཤཱཀྱ་ཐུབ་པ་དང༌། དགྲ་བཅོམ་ཤཱ་རིའི་བུ་དང་མོའུ་འགལ་བུ་སོགས་ཀྱི་སྐུ་མང་པོ་གསར་བཞེངས་མཛད།^p135

ཡང་དགོན་འདིར་དབེན་དགེ་ལྷ་ཁང་ཞེས་པ་ནི། ཆིན་རྒྱལ་རབས་ཀྱི་སྐབས་ཤིག་ལྷ་ཁང་འདིར་གྲྭ་བ་ཞིག་དང་རྒྱལ་པོའི་རིགས་ཀྱི་བུད་མེད་ཅིག་གཉིས་ཀྱིས་ཆོས་འཆད་ཉན་བྱས་པ་ལ། གཞན་རྣམས་བག་ཙམ་གྱི་སྐུར་བ་བཏབ་པ་ཁང་ཤིས་རྒྱལ་པོས་གསན་སོང༌། ཁོང་གི་རྒྱལ་བརྒྱུད་ཀྱི་རིགས་ལ་གནོད་པ་དང་བསྟན་པ་ལ་རྨ་སྲོལ་འབྱིན་པར་དོགས་ནས། དགོན་པ་ཡོངས་རྫོགས་བསྲེག་དགོས་པའི་བཀའ་བསྩལ་ཏེ་མི་འགའ་ཞིག་པེ་ཅིན་ནས་མངགས་པས། དེ་དག་འོངས་ནས་ཉིན་གསུམ་གྱི་རིང་ལ་དགོན་འདིར་མེ་ཆེན་སྦར་ཏེ་བསྲེགས་པས་ཁང་པ་གཞན་ཐམས་ཅད་ཚིག་ཀྱང༌། ཁོང་གཉིས་བཞུགས་པའི་ལྷ་ཁང་དེར་མེ་ཡིས་ཅུང་ཟད་ཀྱང་འཇིག་པར་མ་ནུས་པས་ཐམས་ཅད་ངོ་མཚར་ཏེ། སླར་རྒྱལ་པོ་ལ་ཞུས་ཚེ། རྒྱལ་པོས་ཀྱང་སྔོན་གྱི་གཏམ་དེ་སྐུར་འདེབས་ཡིན་པ་ལ་འཇམ་དཔལ་དབྱངས་ཀྱིས་བདེན་དཔང་མཛད་པར་མཁྱེན་ནས། ཕྱག་དངུལ་ཆེས་མང་པོ་གནང་ནས་སླར་གསར་བཞེངས་བྱས་ཏེ་ལྷ་ཁང་དེར་དྲི་མེད་ལྷ་ཁང་ཞེས་དང༌། དགོན་ལའང་དྲི་མེད་དགོན་ཞེས་བཏགས་སོ། །^p136

འདིའི་མདུན་ཟུར་ན་ཤེར་ཕྱིན་ཆུ་མིག་(般若泉)ཞེས་པ་ནི། སྔོན་ཐང་རྒྱལ་རབས་ཀྱི་དུས་སུ་ཧྥེ་ཆན་ཞེས་པའི་བཙུན་པ་ཞིག་གིས་ཞག་སྟོང་ཕྲག་དགུ་དང་དགུ་བརྒྱ་གོ་དགུ་ལ་སྤྱོད་ལམ་གཞན་སྤངས་ཏེ་རྡོ་རྗེ་གཅོད་པ་བཏོན་པའི་བྱིན་རླབས་ལས་ཞག་ཐ་མའི་ཉིན་གྲུབ་ཆུ་འདི་བྱུང་བར་གསུངས། འདི་ལ་འཇམ་དཔལ་གྲུབ་ཆུ་ཞེས་ཡོངས་སུ་གྲགས་ལ་བཏུང་ན་ཤེས་རབ་འཕེལ་ཞིང་ནད་སེལ་བར་གསུངས་སོ། །^p137

ལིན་ཡིན་སི་(灵应寺)ཞེས་པའི་དགོན་པ་ནི། མཆོད་རྟེན་ར་བའི་གླིང་གི་ལྷོ་ལམ་དུ་ལེ་དབར་གཉིས་ལྷག་གི་མཚམས་སུ་ནུབ་ཕྱོགས་ཀྱི་རི་རྩེ་ན་ལྕགས་རི་དམར་སེར་གྱིས་མཐའ་བསྐོར་ཞིང་གཙུག་ལག་ཁང་གི་རྒྱ་ཕིབས་ལ་ཉི་མ་གཞོན་ནུའི་འོད་ཕྲེང་གིས་འཁྱུད་ཚེ་ཡུལ་སྣང་ཐམས་ཅད་ཀྱི་ཁ་དོག་བསྒྱུར་ཏེ་ཆགས་པའོ། །^p138

དེའང་གནའ་སྔ་མོ་ཞིག་ལ། རི་བོ་རྩེ་ལྔར་གནས་མཇལ་འོང་མི་ཞིག་ཡུན་རིང་པོར་དཀའ་ཚེགས་བརྒྱ་ཕྲག་མང་པོ་སྤྱད་དེ་འོང་ཞིང་། འདིར་ཐོན་སྐབས་དཀའ་དུབ་བཀྲེས་སྐོམ་གྱིས་རབ་ཏུ་གདུང་ཞིང༌། མུན་ཡང་ནག་ནས་འགྲོ་ས་མ་རྙེད་པ་དང༌། རི་བོ་རྩེ་ལྔར་ཐག་ཅི་ཙམ་ཡོད་ཀྱང་མ་ཤེས་པར་ལུས་པ་ན། གློ་བུར་དུ་མདུན་ཕྱོགས་ན་མུན་ནག་ཁྲོད་ཀྱི་སྐར་མ་འདྲ་བའི་མེ་འོད་ཅིག་མཐོང་བས་དེར་སོང་བ་ན་ཁྱིམ་ཚང་ཞིག་ཡོད་པས། དེའི་སྒོ་བརྡུངས་ནས། ང་རང་གནས་མཇལ་འོང་བའི་ལམ་འགྲོ་ཞིག་ཡིན་པས། དོ་ནུབ་གནས་ཚང་ཞིག་གནང་རོགས་ཞུ་ཞེས་བོས་པ་ན། ཁྱིམ་བདག་དེ་འོངས་ནས་དགའ་བའི་རྣམ་འགྱུར་བཅས་ཏེ་ཁྱིམ་དུ་ཁྲིད་དེ་ནུབ་ཟས་ཀྱང་གནང་ཞིང་ནུབ་མོ་མགྲོན་སྟོན་ཕུན་སུམ་ཚོགས་པ་བཅས་དེར་བསྡད། ནམ་གུང་རྨི་ལམ་དུ་བུད་མེད་མཛེས་མ་ཞིག་དང་འཕྲད་པ་ན་དེས་ཁྱོད་རང་གང་ལ་འགྲོ་བ་ཡིན་ཞེས་སོགས་དྲིས་པ་ལ། བདག་རི་བོ་རྩེ་ལྔར་འགྲོ་བ་ཡིན། ད་དུང་ཐག་ཅི་ཙམ་ཡོད། ཅེས་དྲིས་པས། མོ་ན་རེ། རི་བོ་རྩེ་ལྔའི་ཐག་ཉེ་སར་ཁྱོད་ཐོན་ཟིན་པ་ཡིན། རིང་བར་ནམ་མཁའི་མཐའ་དང་མཉམ་མོ། །ཞེས་བགྲོ་གླེང་བྱས་པ་རྣམས་རྨིས་ཤིང༌། ཕྱིར་ནངས་སྔ་མོ་ཁོ་རང་ཡར་གཉིད་སད་སྐབས་བལྟས་པ་ན། ལྗོན་ཤིང་ཞིག་གི་རྩ་ན་མགོ་སྔས་རྡོ་ལེབ་ཅིག་ལ་གཏད་དེ་ཉལ་ཡོད། ཕྱོགས་གང་དུའང་དུད་ཚང་དེའི་རྗེས་ཙམ་ཡང་མི་སྣང་བས། དེས་ན་རྨི་ལམ་གྱི་བུད་མེད་དང་ཁྱིམ་ཚང་སོགས་ཐམས་ཅད་འཇམ་དཔལ་གྱི་སྤྲུལ་བར་ཤེས་སོ། །^p139

ཡང་བུད་མེད་དེ་ལོ་སྟོང་ལོན་པའི་ཝ་མོ་ཡིན་ཞེས་གསུང་སྲོལ་གཞན་ཡང་སྣང༌། མདོར་ན་རི་འདབས་ནས་དེ་ལྟའི་ངོ་མཚར་ཆེ་བའི་གཏམ་དེ་ལྟར་མང་པོ་བྱུང་བར་བརྟེན་ནས་མཁས་གྲུབ་མང་པོས་འདིའི་རི་རྩེར་འཇམ་དབྱངས་དགོན་པ་ཞིག་བཞེངས་དགོས་པར་དགོངས་ཏེ་འཕྲལ་དུ་རི་རྩེ་ནས་དགོན་པ་འདི་ཉིད་བཞེངས་པ་ཡིན་པར་གསུངས། འདི་ནས་བལྟས་ན་ལྷོ་རི་མ་གཏོགས་པའི་རི་རྩེ་གཞན་བཞི་དང་གནས་འདིའི་དགོན་པ་ཐམས་ཅད་ལག་ནང་དུ་བལྟས་པ་ལྟར་གསལ་བོར་མཇལ་ཐུབ་པས་དགོན་འདིར་ད་ལྟ་དད་ལྡན་གྱི་འདུས་ཚོགས་ཆེས་མང་ལ། དབྱར་དུས་སུ་འདིའི་རི་རྩེ་ཐམས་ཅད་ཅུས་ཧྭ་མེ་ཏོག་སོགས་ཀྱིས་ཁྱབ་ནས་ཆེས་ཡིད་དབང་འགུགས་པར་སྣང་ངོ༌། །^p140

ཡོངས་གྲགས་སུ་ལྕང་སྐྱའི་དགོན་པའམ་ཀྲིན་ཧེ་སི་(镇海寺)ཞེས་པའི་གླིང་ནི། མཆོད་རྟེན་ཆེན་པོའི་ལྷོ་ལམ་དུ་ལེ་དབར་བཅུ་གཉིས་ཀྱི་ཟུར་ན་ཡོད། འདིར་སྔོན་སློབ་དཔོན་ཤྲཱི་སིང་ཧ་བཞུགས་སྐབས་མཚོ་མིག་ཡོད་པར་གྲགས་ལ། མཚོ་མིག་དེའི་ཉེ་གམ་ན་ཁྱིམ་ཚང་འགའ་ཞིག་ཡོད་པའི་བུ་མོ་གཟུགས་ཤིན་ཏུ་མཛེས་པ་ཞིག་གིས་དེར་གླུ་དབྱངས་ལེན་བཞིན་རྟག་ཏུ་ཁྲུས་བྱས། མཚོ་མིག་དེ་ནི་ཤར་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོ་དང་འབྲེལ་ཡོད་པས་ཀླུ་རྒྱལ་གྱི་སྲས་པོ་དགུ་བ་དེ་བུ་མོ་དེ་ལ་རྒྱུན་དུ་ཡིད་རབ་ཏུ་ཆགས་ཏེ། ཉིན་ཞིག་བུ་མོས་སླར་ཁྲུས་བྱེད་སྐབས་ཤིག་ན་ཁོ་རང་གི་བཙུན་མོ་བྱེད་འདོད་ཀྱིས་བུ་མོ་དེ་མཚོ་ནང་དུ་དྲུད་དེ་ཀླུ་ཡུལ་དུ་ཁྱེར་སོང༌། དེ་ཚེ་བུ་མོས་མ་རྒན་དང་མི་ཡུལ་སེམས་ལ་འཕྲེང་ཞིང༌། ཀླུའི་ཕོ་བྲང་དང་ལོངས་སྤྱོད་སོགས་ཤིན་ཏུ་ཉམས་དགའ་བ་ཡོད་ཀྱང་མོ་རང་ཀླུ་ཡུལ་དུ་སྡོད་མ་མོས་པས་ཐབས་ལེགས་པོ་ཞིག་བྱ་སྙམ་ནས་ཀླུ་རྒྱལ་གྱི་སྲས་པོ་ལ་སྨྲས་པ། བདག་ནི་སངས་རྒྱས་པའི་ཆོས་སྒོར་ཞུགས་པས་ཁྱོད་ཀྱི་བཙུན་མོ་བྱ་དགོས་ན། ཐོག་མར་རང་ཡུལ་དུ་སོང་ནས་བསྙེན་གནས་ཀྱི་སྡོམ་པ་ཞག་གསུམ་ལ་བསྲུང་དགོས། དེ་ནས་ཁྱེད་ཅག་བསུ་མར་ཤོག་དང་མོ་རང་ཕྱིར་འོང་ན་ཆོག དེ་ལྟ་མིན་ན་བདག་བསད་ཀྱང་འདིར་མི་སྡོད་ཅེས་བྱས་པས། ཀླུའི་སྲས་པོ་ཡང་བློ་ཐབས་བྲལ་ནས་གལ་ཏེ་ཁྱོད་དེ་དུས་མི་འོང་ན་ངའི་ཤར་གྱི་རྒྱ་མཚོ་འདིས་ཁྱོད་ཅག་གྲོང་ཁྱིམ་ཐམས་ཅད་སྣུབ་པར་བྱེད་དོ། །^p141

ཞེས་སྨྲས་ནས་ཞག་གཉིས་ནས་སླར་བུ་མོ་རང་ཡུལ་དུ་བསྐྱལ། མོ་རང་ཁྱིམ་དུ་སོང་བ་ན་མ་རྒན་དགའ་སྤྲོ་དཔག་མེད་སྐྱེས། དེ་ནས་བུ་མོས་གནས་ཚུལ་རྣམས་སྨྲས་པ་ན། མ་རྒན་ཤིན་ཏུ་སྐྲག་ནས་འཕྲལ་ཏུ་མ་བུ་གཉིས་ཀ་འཇམ་དབྱངས་དགོན་ནང་དུ་སོང་ནས། འཇིགས་པ་དེ་བཟློག་ཕྱིར་རྗེ་བཙུན་འཇམ་དཔལ་གྱི་སྐུ་དྲུང་དེར་སྤོས་དུད་སོགས་མཆོད་པ་རྒྱ་ཆེར་བྱས་ཏེ་གསོལ་བ་རྩེ་གཅིག་ཏུ་བཏབ་པས། དེའི་ནུབ་མོ་གཉིས་ཀའི་རྨི་ལམ་ལ། ཧྭ་ཤང་བགྲེས་པ་ཞིག་འོངས་ནས། ད་ལྟའི་ཉིན་གསུམ་པར་ཡུལ་མི་རྣམས་དང་བུ་མོ་བཅས། ཏེ་ལོ་ཏེན་ནམ་འཇམ་དཔལ་རིགས་ལྔའི་དགོན་པ་དེར་སོང་ལ་བདུག་སྤོས་སོགས་ཀྱིས་མཆོད་པ་བྱོས། མ་རྒན་གཅིག་པུ་དེ་ཁྱིམ་དུ་སྡོད་ལ་ཆོས་ཀློག་དང་འཇིགས་པ་ལས་གྲོལ་བར་འགྱུར་རོ། །ཞེས་གསུངས་པ་དང་གཉིས་ཀས་རྨི་སྣང་ལ། བཀའ་དྲིན་ཆེ་ཞུས་ཚེ་གཉིད་སད་སོང༌། ཕན་ཚུན་དེ་ལྟར་སྨྲས་པས་ངོ་མཚར་སྐྱེས་ཏེ་ཉིན་གསུམ་པར་དེ་ལྟར་བྱས། ཉིན་དེར་ཀླུ་འཁོར་བཅས་ཀྱིས་རོལ་མོ་དཀྲོལ་བཞིན་བསུ་མར་ཕེབས་པ་ན། བུ་མོ་མེད་པར་མཐོང་ནས་མ་རྒན་ལ་དྲིས་ཚེ། མོས་ཀྱང་མགོ་བོ་མ་བཀྱག་པར། རི་བོ་རྩེ་ལྔ་འདི་སངས་རྒྱས་ཀྱི་གནས་མཆོག་ཡིན་པས་ཁྱེད་ཅག་སྐད་སྒྲ་མ་སྒྲོག་ཞེས་སྨྲས་པས། ཀླུ་རྣམས་རབ་ཏུ་ཁྲོས་ནས་དེ་མ་ཐག་མཚོ་མིག་ནས་ཆུ་རླབས་དྲག་ཏུ་མཆེད་དེ་གྲོང་ཁྱིམ་ཐམས་ཅད་ཆུས་གང་ཡང་མ་རྒན་ལ་གནོད་པ་མ་བྱུང༌། སླར་ཡང་ཆུ་མཆེད་པ་ན་གློ་བུར་དུ་ནམ་མཁའི་ཁམས་ནས་མེ་འོད་ཀྱི་ཕུང་པོ་ཞིག་བྱུང་ནས་སྒྲ་དང་བཅས་ཏེ་མཚོ་མིག་ལེགས་པར་བཀབ་ནས་ཆུ་རླབས་ཁྲེགས་གེར་བཅད་དོ། །^p142

ངོ་མཚར་བརྗོད་ལས་འདས་པའི་མེ་འོད་ཀྱི་ཕུང་པོ་དེ་ནི་འཇམ་དབྱངས་དགོན་པའི་ཐབ་ཟངས་ཡིན་ལ། དེ་ཚེ་གྲོང་བའི་མི་རྣམས་དང་བུ་མོ་བཅས་དགའ་བཞིན་ཕྱིར་འོངས་ནས་འཇམ་དཔལ་དབྱངས་ཀྱི་བཀའ་དྲིན་དྲན་བཞིན་རྟག་ཏུ་གསོལ་བ་བཏབ་བོ། །དེ་ལྟ་བུའི་རྒྱུ་མཚན་གྱིས་གནས་འདིར་དགོན་པ་བཞེངས་པས་མིང་ལ་མཚོ་འདུལ་གླིང་ཞེས་བཏགས། ཐབ་ཟངས་ཀྱི་སྟེང་དེར་མཆོད་རྟེན་བཞེངས་བའི་མིང་ལ་མཚོ་འདུལ་མཆོད་རྟེན་ཞེས་ད་ལྟ་མཇལ་རྒྱུ་ཡོད། ཡང་ལྕང་སྐྱ་རོལ་བའི་རྡོ་རྗེ་མཆོག་གིས་རྒྱ་ནག་ཏུ་བསྟན་པ་རིན་པོ་ཆེ་རྒྱ་ཆེར་སྤེལ་ཞིང༌། ཁྱད་པར་དུ་མེ་ཏོག་སྣ་ཚོགས་ཀྱི་ལྡིང་ཁང་དབེན་པའི་རི་ངོགས་ཉམས་དགའ་བའི་དགོན་འདིར་ཡུན་རིང་དུ་ཏིང་ངེ་འཛིན་ལ་བཞུགས། ཕྱིས་སུ་ཆན་ལོང་རྒྱལ་པོའི་སྐབས་པེ་ཅིན་ནས་གཟུགས་སྐུའི་བཀོད་པ་ཞི་བའི་དབྱིངས་སུ་བསྡུས་ཏེ། ཁོང་གི་གདུང་རུས་ཀྱི་ནང་རྟེན་ཅན་གྱི་མཆོད་རྟེན་བཞེངས་པ་དགོན་འདིར་ད་ལྟའང་ཡོད། འདི་ལ་གསུང་སྲོལ་མང་ཡང་འདི་ཁུངས་དང་ལྡན་པར་སྣང༌།^p143

གཞན་ཡང་དགོན་འདིར་འཇམ་དཔལ་ལྷ་ཁང་དང་སངས་རྒྱས་ལྷ་ཁང་སོགས་རྟེན་བརྟེན་པ་ཐམས་ཅད་ཁྱད་དུ་འཕགས་པ་ཡོད། ཏོ་ཧྥོའི་སིའམ་(多福寺)བསོད་མང་དགོན་པ་ནི། རི་བོ་རྩེ་ལྔའི་ཐེ་ཡན་གྲོང་ཁྱེར་གྱི་ལྷོ་བྱང་དུ་སྤྱི་ལེ་ཉི་ཤུའི་མཚམས་ན་ཆུའི་ཝེའུ་ཧྲན་ཞེས་པའི་རི་རྩེ་ན་མེ་ཏོག་སྣ་ཚོགས་ཀྱི་གསེབ་ཏུ་ལྗོན་ཤིང་གི་དྲྭ་བས་མཐའ་ནས་བསྐོར་ཞིང༌། མདུན་དུ་དྭངས་གསལ་གྱི་ཆུ་རྒྱུན་ཆལ་ཆིལ་དུ་འབེབས་པའི་གནས་ན་བརྗིད་ཉམས་ལྡན་པས་ཆགས་ཡོད། འདི་ནི་སྔོན་ཐང་རྒྱལ་སྲིད་སྤྱི་ལོ་༧༨༦ལོར་དགོན་པ་གསར་དུ་བཞེངས་སྐབས་ཆུ་མེད་པས་རི་འདབས་ནས་ཆུ་གྱེན་དུ་ཁུར་ནས་འོང་དགོས། མི་ཐམས་ཅད་ཀྱི་རྒྱུན་དུ་ཁུར་བས་མང་པོའི་ཕྲག་པ་རྨ་རུ་གྱུར། དེ་ཚེ་གྲྭ་བཙུན་གཉིས་ཁོ་ནས་རྟག་ཏུ་ཆུ་གྱེན་ལ་ཁུར། ཉིན་ཞིག་ལམ་བར་དུ་རྒན་པོ་ཞིག་དང་འཕྲད་པས་དེས་ཁྱེད་གཉིས་ཆུ་ཁུར་ཏེ་ཅི་བྱེད་ཅེས་དྲིས་པ་ལ། ངེད་ཅག་གི་རི་རྩེར་དགོན་པ་ཞིག་བཞེངས་བྱེད་ཡིན། ཞེས་སྨྲས་པས། རྒན་པོ་ན་རེ། ཁྱོད་མི་གཉིས་ཀྱིས་ཆུ་ཁུར་བ་ལ་བརྟེན་ནས་དགོན་པ་ཞིག་འགྲུབ་སྲིད་དམ། ཧ་ཧ། ཞེས་མཚར་བགད་བྱས་ཤིང་དེར་ངལ་གསོས་ཏེ་གཏམ་གྱི་བགྲོ་གླེང་བྱས། དེ་ནས་རྒན་པོས་སྨྲས་པ། ང་རང་ཉེ་ཟུར་གྱི་རི་བོ་རྩེ་ལྔ་ནས་འོངས་བ་ཡིན་ཞིང༌། ཧ་ཅང་ཁ་སྐོམ་པས་ཆུ་ཞིག་སྩོལ་རོགས་ཟེར་ནས་ཆུ་ཟོ་བ་བཞི་པོ་འཐུང་སོང༌། ཁོང་གཉིས་ཀྱང་དགའ་བའི་རྣམ་འགྱུར་བཅས་ཏེ་འཐུང་དུ་བཅུག དེ་ནས་རྒན་པོས་ཁྱོད་གཉིས་བཀའ་དྲིན་ཆེ་བྱུང་ཟེར་ཞོར་ལ་རུམ་ནས་སྒམ་ཆུང་ཞིག་བླངས་ནས། འདི་ཉིད་དགོན་པའི་ནུབ་ཟུར་གྱི་སྤང་ཐོག་དེར་ཞོག་ཅིག ཇི་སྲིད་དེར་མ་ཐོན་བར་དུ་ཁ་མ་ཕྱེ་ཞེས་ནན་གྱིས་བཤད་བཞིན་གནང་བྱུང༌། སྐབས་དེར་གློ་བུར་དུ་སེང་གེ་ཞིག་གང་ནས་བྱུང་མ་གོ་བར་ཐོན་པ་ལ་ཁོ་རང་དེར་ཆིབས་ཏེ་འཕྲལ་དུ་མི་སྣང་བར་གྱུར་སོང༌། དེ་ནས་ལམ་བར་དུ་སྒམ་ཆུང་ནང་ཅི་ཞིག་ཡོད་སྙམ་ནས་ཁ་ཅུང་ཟད་ཕྱེས་བས་འབྲུག་གཉིས་ཤོར་ནས་ཆུ་མིག་གཉིས་སུ་གྱུར་བ་ནི་ཅིན་ཆོན་(晋泉)ཞེས་པ་དང་ཧྲི་ཧན་ཆོན་(石寒泉)ཞེས་རི་སྐེད་ན་ཡོད་པ་དེ་གཉིས་ཡིན། ཡང་མྱུར་དུ་སྒོ་བརྒྱབ་ནས་སླར་ཁྱེར་ཏེ་དགོན་པར་ཐོན་རྗེས་དེའི་ཁ་ཕྱེ་བ་ན། འབྲུག་གཉིས་བྱུང་སྟེ་ས་འོག་ཏུ་སོང་བས་རྫིང་བུ་གཉིས་སུ་གྱུར་ཏོ། །དེ་ནི་འབྲུག་གི་རྫིང་བུ་ཞེས་ད་ལྟའི་ཡན་ལག་བརྒྱད་ལྡན་གྱི་ཆུ་རྒྱུན་འདི་ཡིན་ནོ། །^p144

དེ་ནས་ཁོང་ཅག་གིས་ཀྱང་རྒན་པོ་དེ་འཇམ་དཔལ་སྨྲ་སེང་གི་སྤྲུལ་བར་ཤེས་ཏེ་དགོན་པ་དེར་བསམ་བརྗོད་ལས་འདས་པའི་འཇམ་དཔལ་ལྷ་ཁང་ཞིག་བཞེངས། དེའི་ནང་དུ་འཇམ་དཔལ་དབྱངས་ཀྱི་སྐུ་ངོ་མཚར་ཆེ་བའི་གཡས་གཡོན་དུ་གྲྭ་བ་དེ་གཉིས་ཀྱི་འདྲ་སྐུ་བཅས་བཞེངས་པས་ཀུན་ལ་མངོན་སུམ་མིག་གི་དགའ་སྟོན་དུ་གྱུར་ནས་ཡོད། ཡང་རྡོ་རྗེ་བྲག་ཕུག་སྟེ་ཅིན་གང་ཁཱུག་(金刚窟)ཞེས་པ་ནི། བྱ་རྒོད་ཕུང་པོའི་གླིང་མཆོད་རྟེན་ཆེན་པོའི་བྱང་ཕྱོགས་སུ་སྤྱི་ལེ་བཞིའི་མཚམས་ན་བོའུ་ལང་མེའོ་(五郎庙)ཞེས་པའི་དགོན་པ་ཡོད། དེའི་གཡས་ཟུར་གྱི་རི་འདབས་ན་ཕུག་པ་འདི་ཡོད་ལ། འདིའི་ནང་རྟག་ཏུ་འོད་ཟེར་དང་སྒྲ་སྐད་སྣ་ཚོགས་ཀྱི་མཐོང་སྣང་འབྱུང་བར་གསུངས། ཁྱད་པར་དུ་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱི་དངོས་སློབ་འཆི་མེད་ཚེ་ཡི་རིག་འཛིན་ཐོབ་པ་སློབ་དཔོན་སངས་རྒྱས་བསྐྱང་གིས་སླར་རྒྱ་གར་ནས་གཙུག་ཏོར་རྣམ་རྒྱལ་གྱི་གཟུངས་སྤྱན་དྲངས་རྗེས། ཕུག་པ་འདིའི་ནང་དུ་བྱོན་ནས་ཕྱིར་བྱོན་མ་མྱོང་ཞེས་རྒྱ་བོད་ཡིག་ཚང་རྣམས་ལས་ཞལ་མཐུན་པར་གསུངས།^p145

དེ་དག་ཐམས་ཅད་ལས་ཅིན་གང་ཁཱུ་ཞེས་བྱུང་བས། རྒྱ་ནག་ཆོས་འབྱུང་ལས། གིན་ཀང་ཁཱུ་ཞེས་པའི་གིན་ཞེས་པ་ནི་ཡིག་ནོར་དུ་མངོན་ནོ། །ཡང་སྔོན་གཞོན་ནུ་དུ་མ་དང་རས་ཚོང་བ་བཅས་འདིའི་ནང་དུ་སོང་ནས་ཕྱིར་མ་ཐོན་པར་གསུངས། འདིར་ལྷ་ཁང་དུ་ཟངས་སྐུ་ཞིག་ཡོད་པ་དེ་ནི་ཟངས་རྒྱ་མ་སྟོང་ཕྲག་བདུན་གྱིས་བཞེངས་བར་གསུངས།^p146

གཞན་ཡང་འཇམ་དཔལ་དབུ་བཞི་ཕྱག་བརྒྱད་དང༌། ཟངས་ཀྱི་སྤྱན་རས་གཟིགས་སོགས་ཡོད། ཡང་སྔོན་ཐང་རྒྱལ་རབས་ཀྱི་སྐབས་སུ་དམ་པ་ཞིག་གིས་ཕུག་པ་འདིར་བདུག་སྤོས་ཀྱི་མཆོད་པ་ཕུལ་ཚེ། གློ་བུར་དུ་རྒན་པོ་ཞིག་འོངས་ནས་ཉེ་གམ་དེར་མཛུབ་ཚད་བྱས་ཏེ་དེར་དགོན་པ་བཞེངས་ན་འགྲོ་དོན་ཆེ་བར་གསུངས་ཏེ་དེ་མ་ཐག་མི་སྣང་བར་གྱུར་སོང༌། ཁོང་གིས་དེ་འཇམ་དཔལ་ཡིན་པར་ཤེས་ནས་དེར་དགོན་པ་བཞེངས་ནས་མིང་ལ་ཤེར་ཕྱིན་གླིང་ཞེས་བཏགས། ཕྱིས་སུ་མིན་དང་ཆིན་རྒྱལ་སྲིད་ཀྱི་སྐབས་སླར་གསོ་བྱས་ཀྱང༌། ཉེ་ཆར་བསྟན་པ་ལ་ཉམས་རྒུད་བྱུང་སྐབས་གཏོར་བརླགས་བྱས་པས་ད་ལྟ་དགོན་ཤུལ་དེ་རྩྭ་ལྡུམ་གྱིས་ཡོངས་སུ་གང་ནས་འདུག^p147

བཙེན་སེན་སི་(尊胜寺)སྟེ་རྣམ་རྒྱལ་གླིང་ནི། མཆོད་རྟེན་ཆེན་པོ་ནས་བྱང་ཤར་ཕྱོགས་སུ་སྤྱི་ལེ་བཞི་བཅུའི་མཚམས་སུ་རི་རྩེར་མཆོད་རྟེན་མཐོན་པོ་ཞིག་མཐོང་བའི་ཉེ་འདབས་སུ་ཡོད། དེ་ཡང་སྔོན་སློབ་དཔོན་སངས་རྒྱས་བསྐྱངས་རྒྱ་གར་ནས་འཇམ་དཔལ་གྱི་ཞལ་མཇལ་བར་རི་བོ་རྩེ་ལྔའི་གནས་འདིར་བྱོན། ད་ལྟའི་དགོན་པ་ཡོད་སར་སླེབས་ཙ་ན་གློ་བུར་དུ་ནགས་ཚལ་ནས་དབུ་སྐྲ་དང་སྨ་ར་དུང་ལྟར་དཀར་བའི་རྒན་པོ་བྲམ་ཟེའི་ཆ་ལུགས་ཅན་ཞིག་བྱུང་ནས། ལེགས་སྦྱར་གྱི་སྐད་དུ་འོང་དོན་ཅི་ཡིན་སོགས་དྲིས་པས། སློབ་དཔོན་གྱིས་གནས་འདིར་འཇམ་དཔལ་མཇལ་དུ་འོང་བ་སོགས་ལན་ཇི་བཞིན་བཏབ།^p148

ཡང་རྒན་པོས་སྨྲས་པ། འདིར་རབ་ཏུ་བྱུང་བ་རྣམས་ཀྱི་བཅས་ལྟུང་འདག་ཕྱིར་མཁོ་གལ་ཤིན་ཏུ་ཆེ་བས་གཙུག་ཏོར་རྣམ་པར་རྒྱལ་བའི་གཟུངས་བསྣམས་ཨེ་ཡོད། ཅེས་གསུངས། སློབ་དཔོན་གྱིས་མེད་བྱས་པས། གཟུངས་དེ་སྤྱན་མ་དྲངས་ཕྱིན་འཇམ་དཔལ་དབྱངས་དང་མཇལ་ཡང་དོན་རེ་ཆུང༌། ཞེས་གསུངས། ཡང་སློབ་དཔོན་གྱིས། བཞིན་བཟང་ཉིད་སུ་ཡིན། རྗེ་བཙུན་འཇམ་པའི་དབྱངས་ཡིན་ནམ། ཞེས་དྲིས་པ་ན། ཁོང་གིས་ཡིན་པའང་སྲིད་ཅེས་གསུངས་པས། སློབ་དཔོན་གྱིས་འཕྲལ་དུ་བརྐྱངས་ཕྱག་མཛད་ནས་དབུ་བཏེགས་པ་ན་ཅི་ཡང་མི་སྣང་ངོ༌། །^p149

གོམ་པ་དེ་ཉིད་དུ་ཁ་ཕྱིར་བསྒྱུར་ནས་རྒྱ་གར་དུ་ལོག་སྟེ་ལོ་གསུམ་ཐོགས། དེ་ནས་གཟུངས་སྤྱན་དྲངས་ནས་སླར་རི་བོ་རྩེ་ལྔའི་གནས་འདིར་བྱོན་ཏེ་གོང་དུ་བསྟན་པའི་རྡོ་རྗེ་བྲག་ཕུག་ལས་ཕྱིར་མ་བྱོན་པར་གསུངས། སློབ་དཔོན་འདིའི་མཚན་ལ་དམ་པ་རྒྱ་གར་ཡང་གསུངས་ཏེ། རྒྱ་ནག་ཆོས་འབྱུང་བློ་གསལ་དགའ་བའི་རྣ་རྒྱན་ལས། སློབ་དཔོན་བུདྡྷ་པཱ་ལི་སྟེ་སངས་རྒྱས་བསྐྱངས་ཞེས་བྱ་བ། བོད་རྣམས་དམ་པ་རྒྱ་གར་དུ་འབོད་ཅིང༌། ཞེས་སོ། །^p150

དེས་ན་སློབ་དཔོན་གྱིས་ཐོག་མར་འཇམ་དཔལ་མཇལ་བའི་གནས་དེར་ཐང་རྒྱལ་རབས་སུ་དགོན་པ་འདི་ཉིད་བཞེངས་ནས་མིང་ལའང་རྣམ་རྒྱལ་གླིང་ཞེས་བཏགས་པ་ཡིན་ནོ། །སྔོན་དེང་སང་ལྟར་རླངས་འཁོར་གྱི་ལམ་མེད་སྐབས་རི་བོ་རྩེ་ལྔར་འོང་བ་རྣམས་འདིར་བརྒྱུད་དགོས་པས་གནས་ཀྱི་མིད་ཐག་ཅེས་གསུངས།^p151

མདོར་ན་ད་ལྟ་དགོན་པ་འདི་ཉིད་ཆེས་དར་ཞིང་ངོ་མཚར་བའི་ཁང་བཟང་ཡང་བརྒྱ་ཕྲག་གཉིས་ལྷག་འདུག ཡང་སྤྱི་ལོ་༡༩༨༥ལོར་ཧོང་ཀོང་ནས་བྱོན་པའི་དགེ་སློང་ཀྲི་ཁེ་(智开)ཞེས་པས་སྒོར་ཁྲི་ཕྲག་སུམ་བརྒྱ་ལྷག་གིས་དགོན་འདི་སླར་གསོ་མཛད་དོ། །^p152

བཀྲ་ཤིས་གླིང་ངམ་དྭངས་བསིལ་ཟམ་པ་(吉祥寺或清凉桥)ཞེས་པའི་དགོན་པ་ནི། མཆོད་རྟེན་གླིང་གི་ནུབ་ཕྱོགས་སུ་སྤྱི་ལེ་ཉི་ཤུའི་མཚམས། ནུབ་རི་དང་དབུས་རི་གཉིས་ཀྱི་ལྷོ་འདབས་སུ་དར་དུར་ཆུ་སྒྲ་འབྱིན་པའི་ཉེ་ཟུར་ན་ཆགས་ཡོད། དེའང་སྔོན་ཐེངས་ཤིག་ཁང་ཤིས་རྒྱལ་པོ་དགོན་པ་འདིར་འོང་སྐབས་སུ། ལམ་བར་ནས་གློ་བུར་དུ་སྤྲིན་སྨུག་ན་བུན་འཐིབས་ཤིང༌། མུན་ཡང་རུབ་ཏུ་ཉེ་ནས་ལམ་ནོར་ཏེ་དགོན་པ་གར་ཡོད་ཕྱོགས་ཙམ་ཡང་མ་གོ་བར་ཅི་བྱ་གཏོལ་མེད་དུ་ལུས་པ་ན། མདུན་ཕྱོགས་ན་རྒྱུད་ཞི་ཞིང་དུལ་བའི་བཙུན་པ་བགྲེས་པ་ཞིག་མཐོང་ཞིང༌། དེས་ན་བཟའ་ཤིན་ཏུ་ལེགས་པར་བགོས་ཤིང་ཕྱག་ཏུ་ལྒང་ལིའམ་ཏེང་ལོང་(灯笼)དམར་པོ་ཞིག་ཐོགས་པ་རྒྱལ་པོ་མྱུར་དུ་དེར་སོང་སྟེ་བཀྲ་ཤིས་གླིང་གི་དགོན་པར་ཇི་ལྟར་འགྲོ་ཞེས་དྲིས་པ་ན། ཁོང་གིས་ཐུགས་དགྱེས་ཚུལ་དང་བཅས་ཏེ། སངས་རྒྱས་འོད་དཔག་མེད་མཁྱེན། ང་རང་དགོན་པ་དེའི་གྲྭ་པ་ཞིག་ཡིན་པས། ངའི་རྗེས་སུ་ཤོག་དང་ལམ་ཁྲིད་བྱེད། ཅེས་གསུངས་པས་དེ་དང་མཉམ་དུ་སོང་ནས་ཆེས་མི་རིང་བར་ཟམ་པ་ཞིག་བརྒལ་ཏེ་ཕྱིན་པ་ན་དགོན་པ་དེར་ཐོན་བྱུང༌། དེ་ནས་འཇམ་དཔལ་ལྷ་ཁང་དུ་ལྷ་མཇལ་དུ་ཁྲིད། ལྷ་ཁང་དུ་ཐོན་མ་ཐག་བཙུན་པ་གློ་བུར་དུ་མི་སྣང་བར་གྱུར། རྒྱལ་པོ་ངོ་མཚར་ཏེ་ལྷ་ཁང་དུ་བལྟས་པ་ན། འཇམ་དཔལ་དབྱངས་ཀྱི་སྐུ་ཞིག་ཡོད་པ་དེས་ཕྱག་ཏུ་ཏེང་ལོང་དམར་པོ་ཐོགས་ཤིང༌། སྐུ་ལ་གསོལ་བའི་ན་བཟའ་ཡང་སྔར་གྱི་བཙུན་པའི་ན་བཟའི་ཁ་དོག་དང་ཁྱད་པར་སྤུ་ཙམ་ཡང་མེད་པར་འདུག་པས། དེ་ཚེ་སྔོན་གྱི་གྲྭ་བཙུན་དེ་འཇམ་དཔལ་དངོས་ཡིན་པར་ཤེས་ནས་ཁང་ཤིས་རྒྱལ་པོ་ཤིན་ཏུ་དད་ཅིང་ལྷ་ཁང་གི་མིང་ལའང་འཇམ་དཔལ་ཏེང་ལོང་ལྷ་ཁང་སྟེ་སྒྲོན་མེའི་ལྷ་ཁང་ཞེས་བཏགས། དེ་ནས་བཟུང་སྟེ་དགོན་པའི་མིང་ལ་དྭངས་བསིལ་ཟམ་པ་ཞེས་ཀྱང་གསུངས། དེ་ལྟར་དྭངས་བསིལ་རི་བོའི་རྣམ་བཤད་ལས་བྱུང་ངོ༌། །དགོན་འདིར་འབར་མ་རྒྱལ་ཁབ་ནས་གདན་དྲངས་བའི་གཡང་ཊིའི་ཐུབ་སྐུ་སོགས་ཡོད།^p153

པེའུ་ཧྲན་སིའམ་(碧山寺)གཡུ་རི་དགོན་ནི། མཆོད་རྟེན་དཀར་པོ་ནས་ཤར་ཕྱོགས་སུ་ལེ་དབར་གཉིས་ཀྱི་མཚམས་སུ་ཡོད། འདིར་སྙན་གྲགས་ཆེ་བའི་གཡང་ཊིའི་སྟོན་པའི་སྐུ་ཞིག་ཡོད་པ་དེ་ནི། སྔོན་ཧྥེ་གེན་ཞེས་རི་བོ་གྲུ་འཛིན་དུ་བཞུགས་པའི་བཙུན་པ་དེ། རྒྱ་ནག་གླང་ཆེན་དང་ལྷ་ས་སོགས་བརྒྱུད་དེ་འབར་མ་རྒྱལ་ཁབ་ཏུ་བྱོན། ཁོང་གིས་གཡང་ཊིའི་སྟོན་པ་ལྔ་གདན་དྲངས་ཏེ་ཕྱིར་ལོག དེའི་ནང་སྐུ་གཉིས་ཧྲང་ཧེ་གྲོང་ཁྱེར་ཕྱོགས་སུ་ཐོན་སྐབས་དེར་བཞུགས་སུ་གསོལ། གཅིག་པེ་ཅིན་དུ་བཞག གཉིས་རི་བོ་རྩེ་ལྔ་འདིར་བཞུགས་སུ་གསོལ་བས་འདི་ཉིད་ཆེ་བ་དེ་ཡིན། འདིའི་མཐོ་དམན་ལ་ཁྲུ་དྲུག་ལྷག་ཡོད། སྐུ་ཆུང་བ་དེ་གོང་གི་བཀྲ་ཤིས་གླིང་གི་ཐུབ་སྐུ་དེ་ཡིན། འདི་དག་ལ་སྔོན་དད་ལྡན་ཕོ་མོ་རྣམས་ཀྱིས་གསེར་གྱི་གདུ་བུ་དང་མགུལ་རྒྱན་སོགས་ཀྱང་ཕུལ་ནས་འགྲོ་བར་གསུངས། འདིའི་ལྷ་ཁང་རྒྱབ་མའི་ནང་ངོ་མཚར་ཆེ་བའི་བྱམས་པ་གསུས་པོ་ཆེ་མཐོ་དམན་ཁྲུ་བཅུ་ཡོད། གཞན་ཡང་རྣམ་སྣང་ལྷ་ཁང་དང་འཇམ་དཔལ་ལྷ་ཁང་གིས་མཚོན་གཙུག་ལག་ཁང་ཆེན་པོ་དྲུག་སོགས་རྟེན་བརྟེན་པའི་བཀོད་པ་ཁྱད་དུ་འཕགས་ཤིང་དད་ལྡན་གྱི་འདུ་ཚོགས་ཀྱང་ལྷག་པར་མང་ངོ་། །^p154

གསེར་ཁང་དགོན་ནམ་ཅིན་ཁེ་སི་(金阁寺)ཞེས་པའི་དགོན་པ་ནི། མཆོད་རྟེན་ར་བའི་གླིང་གི་ལྷོ་ནུབ་ཕྱོགས་སུ་སྤྱི་ལེ་སུམ་ཅུའི་མཚམས་ཀྱི་གཞུང་ལམ་གྱི་སྟེང་ན་ཡོད། འདི་ནི་སྔོན་སྤྱི་ལོ་༧༣༦ལོར་སྙན་གྲགས་ཆེ་བའི་བླ་མ་ཏཱ་ཡུས་ཞེས་པ་རི་བོ་རྩེ་ལྔར་འཇམ་དཔལ་མཇལ་དུ་འོངས་ནས། ད་ལྟའི་དགོན་པ་ཡོད་སར་ཐོན་སྐབས། གློ་བུར་དུ་རླུང་འཚུབ་ཆེན་པོ་བྱུང་ནས་ས་རྡོ་ཐམས་ཅད་གནམ་དུ་ཁྱེར་ཞིང་ས་གནམ་འཁྲུགས་ཏེ་མུན་རུབ། དེ་ཚེ་གློ་བུར་དུ་མིག་སྔར་བརྗིད་ཉམས་ཆེ་བའི་དགོན་པ་ཞིག་སྣང་ནས་འགྲོ་ལམ་མ་རྙེད། དེའི་ལྷ་ཁང་ཐམས་ཅད་གསེར་འོད་ལམ་ལམ་དུ་འབར་ཞིང་ཆེས་ཡིད་དབང་འཕྲོག་པར་མཇལ། ཡུད་ཙམ་ཞིག་གི་དགོན་པ་སོགས་ཐམས་ཅད་མི་སྣང་བར་གྱུར་སོང༌། དེ་ཚེ་རླུང་ཡང་དྭངས་ཤིང་ནམ་མཁའ་སྔར་བཞིན་གྱུར་ཏོ། །^p155

ཁོང་ངོ་མཚར་ཏེ་ཕྱོགས་བཞིར་བལྟས་པ་ན་མདུན་དུ་ལྗོན་ཤིང་ཞིག་ལས་གཞན་ཅི་ཡང་མེད་པས། དེ་འཇམ་དཔལ་གྱི་ཆོ་འཕྲུལ་དུ་ཤེས་ནས་དགོན་པ་བཞེངས་བར་གསུངས། ཡང་རི་བོ་རྩེ་ལྔའི་དགོན་པའི་ལོ་རྒྱུས་ཕྱོགས་བསྡུས་ལས་ནི། ལྷོ་ཕྱོགས་ཀྱི་བཙུན་པ་ཏཱ་ཡུས་རི་བོ་རྩེ་ལྔར་གནས་མཇལ་དུ་བྱོན་ནས་ལྷོ་རིའི་རྒྱུད་དུ་ཐོན་སྐབས། གློ་བུར་དུ་རླུང་འཚུབ་དྲག་པོ་ཞིག་བྱུང་བས་ཁོང་གིས་མིག་བཙུམ་ཞིང་ལག་གཉིས་ཐལ་མོ་སྦྱར་ཏེ་རྩེ་གཅིག་ཏུ་གསོལ་བ་བཏབ་པ་ན། ཡུད་ཙམ་ཞིག་ན་བྱིས་པ་ཞིག་འོངས་ནས། སློབ་དཔོན་ཇ་གསོལ་བར་གདན་དྲངས། ཁོང་བྱིས་པ་དང་མཉམ་དུ་ནུབ་བྱང་ཕྱོགས་སུ་གོམ་པ་བརྒྱ་ཕྲག་ལྷག་སོང་བ་ན། གསེར་གྱི་ཟམ་པ་ངོ་མཚར་ཅན་ཞིག་སྣང་ངོ༌། །དེ་བརྒྱུད་དེ་སོང་ཚེ་དགོན་པ་ཆེན་པོ་ཞིག་མཐོང་ངོ༌། །^p156

དེར་འཕགས་པའི་དགེ་འདུན་མང་ཞིང་གཙུག་ལག་ཁང་དང་ལྕགས་རི་ཚང་མ་གསེར་མདོག་ཏུ་སྣང༌། དེའི་ནང་གཙུག་ལག་ཁང་གསེར་འོད་འཁྱུག་པ་བང་རིམ་གསུམ་པ་ཞིག་ཀྱང་ཡོད། ས་གཞི་ཐམས་ཅད་རིན་པོ་ཆེ་བཻཌཱུརྱ་ལས་གྲུབ་པ། དེ་ནས་ཁོང་གྲྭ་ཁང་ཞིག་ཏུ་ཁྲིད་ནས་སོང༌། དེར་གསེར་སྐུད་ལས་བྱས་པའི་གཟིམ་ཁྲི་ཞིག་གི་ནང་ན་བཙུན་པ་བགྲེས་པ་ཞལ་ཚོམ་དཀར་པོ་ཅན་ཞིག་དང་མཇལ་ཏེ་གཏམ་གྱི་བགྲོ་གླེང་མང་དུ་བྱས། བྱིས་པ་དེས་སླར་ཇ་དྲངས་བས་གསོལ་ཇ་དང་རོ་མཆོག་ལྡན་པའི་ཟས་ལ་རོལ་ཟིན་རྗེས། བཙུན་པ་བགྲེས་པོས་ཀྱང་སྐྱེལ་མ་གནང་ཞིང༌། སླར་བྱིས་པ་དེས་ཁྲིད་ནས་དགོན་པའི་ཕྱི་ནང་ཐམས་ཅད་ལ་ཞིབ་ཏུ་གཟིགས་མོ་བྱས་ཏེ་འོངས་བ་ན་གློ་བུར་དུ་བྱིས་པ་དང་དགོན་པ་སོགས་མི་སྣང་བར་གྱུར། དེ་ཚེ་སྔོན་གྱི་རླུང་ཡང་འཇམ་ཞིང་ནམ་མཁའ་ཡང་དྭངས་བར་འདུག སློབ་དཔོན་གྱིས་འཇམ་དཔལ་མཇལ་བར་ཤེས་ཏེ་སྤྲོ་བ་རབ་ཏུ་བརྟས་སོ། །ཕྱིས་སུ་རྒྱ་གར་ནས་བྱོན་པའི་སློབ་དཔོན་སན་ཚང་ཞེས་པས། བླ་མ་ཏཱ་ཡུས་ཀྱི་དག་སྣང་ཇི་ལྟ་བ་བཞིན་དགོན་པ་འདི་ཉིད་བཞེངས་ནས་མིང་ལའང་གསེར་ཁང་གླིང་ངམ་ཅིན་ཁེ་སི་ཞེས་བཏགས་པར་གསུངས་སོ། །^p157

ད་ལྟ་དགོན་འདིར་གཙུག་ལག་ཁང་མང་ཞིང་ཁྱད་པར་དུ་ཟངས་ལ་གསེར་ཆུས་བྱུག་པའི་སྤྱན་རས་གཟིགས་ཕྱག་སྟོང་ཅན་གྱི་སྐུ་ཤིན་ཏུ་ངོ་མཚར་ཆེ་ཞིང༌། འདིའི་མཐོ་དམན་ལའང་ཁྲུ་ལྔ་བཅུ་ང་གསུམ་ཡོད་པར་གསུངས་པས་གནས་འདིའི་སྐུ་རྟེན་གྱི་ཆེ་ཤོས་ཡིན། གཞན་ཡང་རྣམ་སྣང༌། ས་སྙིང༌། སྨན་ལྷ་དང་དུས་གསུམ་སངས་རྒྱས་སོགས་ཀྱི་ལྷ་ཁང་ཆེན་པོ་བཅུ་དགུ་ཙམ་འདུག^p158

གནས་འདིར་གྲགས་ཆེ་ཞིང་ངོ་མཚར་ཆེ་བའི་དགྲ་བཅོམ་ལྔ་བརྒྱའི་ལོ་རྒྱུས་ནི། དེའང་ལྷོ་རིའི་འདབས་ཀྱི་ཡེ་དཔའ་ཚུ་ཞེས་པའི་རྫིང་བུ་ཞིག་ཡོད་པ་དེར་སྔོན་མིན་རྒྱལ་རབས་ཀྱི་སྐབས་སུ་དགོན་པ་ཞིག་ཡོད། ཉིན་ཞིག་དགོན་པའི་བླ་མ་དེས་སློབ་མ་རྣམས་ལ་སྨྲས་པ། ཁྱེད་ཅག་གིས་ཤུལ་དུ་ཆོས་ལེགས་པར་སློབ་ལ་སྡོད། ཁོ་བོས་ནི་དགོན་འདིར་རྟེན་བཞེངས་ལེགས་པོ་ཞིག་བྱེད་དགོས་པས་ཡུལ་གཞན་དུ་སློང་མོར་འགྲོ་བ་ཡིན་ཞེས་ལྷག་བསམ་དག་པས་དཀའ་བ་སྤྱད་ནས་ཕྱིན་པས། དེང་སང་གི་མོང་ཤན་(孟县)ཕྱོགས་ནས་ལྕགས་ཧ་ཅང་མང་པོ་རྙེད་བྱུང༌། ཁོང་གིས་ལྕགས་རྣམས་མགར་བ་མང་པོར་གཏད་དེ་དགྲ་བཅོམ་པའི་སྐུ་མགར་དུ་བཅུག དེ་ནས་ལོ་ཕྱེད་ཙམ་གྱིས་དགྲ་བཅོམ་ལྔ་བརྒྱའི་སྐུ་ལེགས་པར་གྲུབ་སོང༌།^p159

འོན་ཀྱང་སྐབས་དེར་དེང་སང་ལྟར་འཕྲུལ་ལམ་སོགས་མེད་པ་དང༌། སྐུ་རྣམས་ལྕི་བས་དྲེའུ་སོགས་ལ་ཁལ་བཀལ་ནའང་འདེགས་མི་ཐུབ་པས། ད་དགོན་ནང་དུ་འཁྱེར་ཐབས་ཅི་དགའ་སྙམ་ནས། དགྲ་བཅོམ་པ་འདི་རྣམས་རང་སྟོབས་ཀྱིས་རི་བོ་རྩེ་ལྔའི་དགོན་པར་བྱོན་སོང་ན་ཅི་མ་རུང་ཡ། ཞེས་ཁོ་རང་གིས་ཁོ་རང་ལ་སྨྲས་པ་ན། དེ་མ་ཐག་ལྕགས་ཀྱི་དགྲ་བཅོམ་རྣམས་གྱེན་དུ་བཞེངས་ནས་དངོས་སུ་གོམ་པ་སྤོས་ཏེ་བྱོན་པ་ན། བླ་མ་དགའ་སྟེ་མྱུར་དུ་ལམ་ཁྲིད་བྱས་ཏེ་སླར་རི་བོ་རྩེ་ལྔའི་ཡེ་དཔའ་སི་དགོན་དུ་འོངས། དེ་ཚེ་ཁོང་གིས་སློབ་མ་རྣམས་ཀྱིས་མཐོང་ནས་དགའ་བསུ་བྱས་ཏེ་དགྲ་བཅོམ་རྣམས་ལྷ་ཁང་དུ་བཞུགས་སུ་གསོལ་ཏེ་རེ་རེ་བཞིན་བརྩིས་པ་ན་བཞི་བརྒྱ་གོ་དགུ་ལས་མེད་པས་གཅིག་མ་ཚང༌། སླར་ཞིབ་ཏུ་བརྩིས་ཀྱང་མི་ཚང་བར་འདུག ཕྱིར་འཚོལ་དུ་ཕྱིན་པ་ན། དེང་སང་གི་ལྗོན་ཤིང་ར་བའི་གྲོང་མཐའ་ན་ཡོད་འདུག^p160

གཅིག་དེར་ལུས་པའི་རྒྱུ་མཚན་ནི། དགྲ་བཅོམ་འདི་ཉིད་ཐམས་ཅད་ཀྱི་རྗེས་མ་ཡིན་པས། འདིར་ཐོན་སྐབས་ཆུ་འགྲམ་ན་བུ་མོ་ཞིག་གིས་གོས་འཁྲུད་ཀྱིན་ཡོད་པ་མཐོང་ནས་དགྲ་བཅོམ་པ་དེར་ཕྱིན་ནས་སྨྲས་པ། འདི་ནས་རི་བོ་རྩེ་ལྔའི་ཡེ་དཔའ་སི་དགོན་པ་ལ་ཐག་ཅི་ཙམ་ཡོད་ཅེས་བྱས་པས། བུ་མོས་ལེ་དབར་དྲུག་ཅུ་ཡོད་ཅེས་ལན་བཏབ། ཡང་དེས་ང་རང་ནི་དགོན་དེར་འགྲོ་བའི་དགྲ་བཅོམ་པ་ཞིག་ཡིན་པས་དེ་རིང་ཐོན་ཨེ་ཐུབ་ཅེས་དྲིས་པ་ན། བུ་མོ་དགོད་བཞིན་དུ་སྨྲས་པ། ད་ལྟ་ཉི་མ་ནུབ་ལ་ཉེ་བས་ཁྱོད་མི་ཞིག་མ་གཏོགས་ལྕགས་ལས་བྱས་པའི་དགྲ་བཅོམ་ཞིག་ཡིན་ཡང་ཐོན་ག་ལ་ཐུབ་སྟེ་མི་ཐུབ་བོ་ཞེས་སྨྲས་པས། དེ་ཚེ་ལྕགས་ཞེས་པའི་སྒྲ་དེ་ཐོས་མ་ཐག་དགྲ་བཅོམ་གྱི་སྐུའི་རྣམ་པ་སྔར་བཞིན་གཡོ་འགུལ་ཅུང་ཟད་ཙམ་ཡང་མེད་པར་དེར་ལུས་སོ། །དེ་མཐོང་ནས་བླ་སློབ་རྣམས་ཀྱིས་ཡེ་དཔའ་སིའི་དགོན་དུ་འཁྱེར་མོས་ཀྱང༌། སྐུ་དེ་ཉིད་སྒུལ་ཙམ་ཡང་མ་ཐུབ་པས་མྱུར་དུ་དེར་ལྷ་ཁང་ཞིག་བཞེངས་ཏེ་མིང་ལའང་ལྷ་ཁང་གླིང་ཞེས་པའི་དགོན་པ་བཙུགས་སོ། །^p161

དེས་ན་ཡེ་དཔའ་སི་དགོན་ན་དགྲ་བཅོམ་བཞི་བརྒྱ་གོ་དགུ་ཡོད་པ་ཡིན། འོན་ཀྱང་ཕྱིས་སུ་བསྟན་པ་ལ་ཉམས་རྒུད་བྱུང་སྐབས་ཆུ་འགྲམ་གྱི་ལྷ་ཁང་གླིང་དང་ཡེ་དཔའ་སི་དགོན་པ་གཉིས་བཤིགས་ནས་ད་ལྟ་མི་འདུག དེ་ལྟ་ནའང་དགྲ་བཅོམ་གྱི་སྐུ་ཉིས་བརྒྱ་ཉེར་གསུམ་ནི་ད་ལྟའི་ཤན་ཐོང་སིའམ་གོང་དུ་སྨོས་པའི་མངོན་པར་གསལ་བའི་གླིང་གི་གཞལ་ཡས་ཁང་ཆེན་པོར་ཡོད་ཅེས་གནས་འདིའི་དཀར་ཆག་ཆེས་མང་པོར་གསུངས་སོ། །^p162

ཧྲིའུ་ནིན་སིའམ་(寿宁寺)ཚེ་བདེ་གླིང་ཞེས་པའི་དགོན་པ་ནི། མཆོད་རྟེན་ཆེན་པོའི་ནུབ་བྱང་ཕྱོགས་སུ་ལེ་དབར་གསུམ་མཚམས་ཀྱི་རི་རྐེད་ན་ཡོད། དེའང་སྔོན་རྒྱལ་རབས་བྱང་མའི་སྐབས་ཤིག་ལ་དབང་ཙུ་ཞེས་པའི་དཔའ་བོ་ཞིག་གིས་དམག་འཁྲུག་མང་དུ་བྱས་མཐར་རང་ཉིད་རྨས་སྐྱོན་བྱུང་ཞིང་ནད་ཀྱིས་ཐེབ་པས་སྨན་བཅོས་བྱས་ཀྱང་མ་ཕན་པར་རི་བོ་རྩེ་ལྔར་འོངས་ནས་འཇམ་དཔལ་ལ་གསོལ་བ་བཏབ། ནུབ་གཅིག་རྨི་ལམ་དུ་རྒན་པོ་ཞིག་འོངས་ནས་ཁྱོད་ཀྱིས་འཕགས་ལམ་སྒྲུབ་པའི་བརྩོན་པ་ཞན་པར་འདུག་ཅེས་གསུངས་པ་རྨིས་པས། ཁོའི་བསམ་པ་ལ་ད་ནི་སྔོན་གྱི་སྡིག་བཤགས་སུ་རང་ལུས་ལྟོས་མེད་དུ་ཕུལ་བར་བྱའོ་སྙམ་ནས། ཕྱིར་ནངས་ཤིང་རྩིག་བྱས་ཏེ་ལུས་པོ་མེ་ལ་བསྲེགས་པས། དེ་ཚེ་མེ་འོད་ཀྱི་ཀློང་ནས་འཇམ་དཔལ་གྱི་སྐུ་ངོ་མཚར་ཅན་ནམ་མཁར་བསྐྱོད་པ་སྐྱེ་བོ་མང་པོས་མངོན་སུམ་དུ་མཇལ་བས། དེའི་ཤུལ་དུ་དགོན་པ་འདི་ཉིད་བཞེངས་སོ། །འདིར་འཇམ་དཔལ་ལྷ་ཁང་ཟུར་དྲུག་པ་དང༌། ལྷ་ཁང་དབུས་མར་ལྕགས་ལས་བྱས་པའི་སྟོན་པའི་སྐུ་ཡོད། དེའི་མཐོ་དམན་ཁྲུ་བདུན་དང༌། ལྗིད་ཚད་རྒྱ་མ་ཁྲི་ཕྲག་གཉིས་ཡོད་པར་གསུངས་སོ། །^p163

སངས་རྒྱས་སྟོང་གི་ཕུག་པ་(千佛洞)ཞེས་པ་ནི། མཆོད་རྟེན་ཆེན་པོའི་ལྷོ་ལམ་དུ་སྤྱི་ལེ་ཉི་ཤུ་ཙམ་གྱི་མཚམས་སུ་སྤྲིན་དཀར་གླིང་ཞེས་པའི་དགོན་པ་ཡོད། དེ་ནས་ལྷོ་རིའི་རྒྱུད་ཀྱི་ལུང་བའི་ནང་དུ་ལེ་དབར་ལྔ་སོང་ན་དེར་ཡོད། འདིའི་ལམ་བར་ན་གནས་ཆེན་བརྒྱ་རྩའི་བྱིན་རླབས་གཅིག་འདུས་ཀྱི་གནས་ས་དམར་པོ་ཞིག་ལེན་རྒྱུ་ཡོད། དེའང་ཕུག་པ་འདིར་མིན་རྒྱལ་སྲིད་ཀྱི་དུས་སུ་ཧྭ་ཤང་ཞིག་གིས་སྒྲོན་མེའི་འོད་ལ་བརྟེན་ནས་ཕུག་པའི་ནང་དུ་སོང་བས་རིན་པོ་ཆེ་ལས་བྱས་པའི་སངས་རྒྱས་ཀྱི་སྐུ་མང་པོ་མཇལ། གཏིང་དུ་ཕྱིན་པ་ན་རྒྱ་མཚོའི་རྦ་རླབས་ཀྱི་སྒྲ་ཐོས་པས་ཁོང་ཧ་ཅང་སྐྲག་ནས་ཕྱིར་བྲོས་པར་བརྩམས་ཀྱང་ལམ་མ་རྙེད་པས་མྱུར་དུ་སྤྱན་རས་གཟིགས་ལ་གསོལ་བ་བཏབ་ནས་རྟེན་མང་པོ་བཞེངས་བའི་ཁས་ལེན་བྱས། དེ་ཚེ་གློ་བུར་དུ་སྒྲོན་མེའི་འོད་ཤིན་ཏུ་གསལ་བ་ཞིག་བྱུང་བས་དེ་ལ་བརྟེན་ནས་ཕྱིར་འོང༌། ཕྱིས་སུ་རྡོ་སྐུ་སོགས་བཞེངས་སོ། །^p164

འདི་ལ་ཐོན་ནས་སྨོན་ལམ་བཏབ་ན་ད་ལྟའི་ཕ་མ་གཉིས་ཀྱི་དྲིན་ལན་སོད་པས་ཕ་མའི་དྲིན་ལན་བསབ་པའི་སྒྲུབ་ཕུག་ཅེས་ཀྱང་གསུངས། ཕུག་པའི་ནང་ཐམས་ཅད་རང་བྱུང་གི་སྐུ་ངོ་མཚར་ཅན་བགྲང་ལས་འདས་ཤིང་འདིར་ད་ལྟ་དགོན་པའང་ཡོད་དོ། །^p165

ཏེ་ལོ་ཏེན་ཏེ་(黛螺顶)འཇམ་དཔལ་རིགས་ལྔའི་དགོན་པ་ནི། མཆོད་རྟེན་ཆེན་པོའི་མདུན་ཟུར་ཤར་ཕྱོགས་ཀྱི་རི་རྩེ་ཞིག་ན་ཡོད། འདིར་གོང་མ་ཆན་ལོང་རྒྱལ་པོའི་བཀའ་བཞིན་བླ་མ་ཆིན་ཡིན་ཞེས་པས་འཇམ་དཔལ་རིགས་ལྔའི་སྐུ་བཞེངས་པ་ནས་བཟུང་གནས་འདིར་ཕྱིན་ན་རི་རྩེ་ལྔ་པོ་ལ་ཕྱིན་པའི་ཕན་ཡོན་ཐོབ་པར་གསུངས། འདི་ལ་རི་བོ་རྩེ་ལྔའི་བྱིན་རླབས་གཅིག་ཏུ་འདུས་ཤིང་ཁྱད་པར་དགུན་དུས་སུ་རི་རྩེ་རྣམས་ལ་གྲང་ངར་ཆེ་བས་བགྲོད་དཀའ་ཕྱིར་གནས་འདིར་མཇལ་སྐོར་སྒྲུབ་པ་བྱས་ན་བྱིན་རླབས་ཆེ་ཞེས་མཁས་གྲུབ་དུ་མས་རྒྱ་ཆེར་བསྔགས་པར་མཛད་ཡོད།^p166

ད་ལྟ་དགོན་འདིར་གཙུག་ལག་ཁང་དང་སྐུ་གསུང་ཐུགས་རྟེན་ཆེས་དར་ཞིང༌། བཀའ་དྲིན་མཚུངས་མེད་ཆོས་རྗེ་ཉིད་ཀྱང་ཞབས་ཐང་ལ་འདིར་བྱོན་ནས་ཟབ་རྒྱས་ཀྱི་སྨོན་ལམ་དང་གནས་འདིའི་བཀོད་པའི་ཡ་མཚན་ཆེ་བའི་གསུང་གླེང་མང་དུ་མཛད་དོ། །རྒྱལ་སྲས་འཕགས་པ་ཁྲི་གླིང་ནི། འཇམ་དཔལ་རིགས་ལྔའི་དགོན་པའི་གཡས་ཕྱོགས་ཀྱི་རི་ངོས་སུ་ཡོད། འདིར་མགོན་པོ་འཇམ་པའི་དབྱངས་ཀྱིས་རྒྱལ་སྲས་འཕགས་པ་ཁྲི་ཕྲག་གཅིག་ལ་དུས་རྒྱུན་དུ་ཆོས་འཁོར་བསྐོར་བའི་གནས་ཡིན་པས་དེ་ལྟར་དུ་གྲགས་ཤིང༌། འགྲོ་བ་མཆོག་དམན་དུ་མར་འཇམ་དཔལ་གྱི་ཞལ་གཟིགས་པས་ཞལ་གཟིགས་བ་གམ་གླིང་དུའང་གྲགས། གནས་འདིར་སྐྱབས་རྗེ་ཡིད་བཞིན་ནོར་བུ་ཕེབས་ཏེ་ཉིན་གསུམ་བཞུགས་ཤིང་རིག་ཀློང་ནས་རྩོལ་མེད་དུ་རྡོལ་བའི་ལམ་རིམ་བསྡུས་དོན་སྙིང་གཏམ་སྙིང་གི་ཐིག་ལེའི་ཁྲིད་ལུང་ལན་གྲངས་དུ་མ་དང༌། འཇམ་མགོན་མི་ཕམ་པའི་འཇམ་དཔལ་རྒྱུད་ལུགས་ཀྱི་དབང་རྒྱས་པར་གནང་ཞིང་ཞལ་གདམས་དང་གསུང་གླེང་མང་དུ་བསྩལ།^p167

སྤྱན་རས་གཟིགས་ཀྱི་སྒྲུབ་ཕུག་(观音洞)ཞེས་པ་ནི། ལྷོ་ལམ་དུ་ལེ་དབར་དུ་མ་སོང་བའི་ཤར་ཕྱོགས་སུ་བྲག་རི་ཤིན་ཏུ་གཟར་བའི་འདབས་ནས་རྡོའི་སྐས་ཐེམ་སུམ་བརྒྱ་དང་ཉེར་བདུན་བགྲོད་མཚམས་སུ་རང་བྱུང་གི་ཕུག་པ་ཉམས་དགའ་བ་ཞིག་ཡོད་པ་དེ་ཡིན། འདིར་བརྩེ་ཆེན་ཕྱག་ན་པདྨོའི་རྣམ་འཕྲུལ་རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་ལོ་དྲུག་ཏུ་ཏིང་ངེ་འཛིན་ལ་བཞུགས། གྲུབ་ཆུ་བྱིན་རླབས་ཅན་རང་རྡོལ་དུ་བྱུང་བ་སོགས་ད་ལྟའང་ཡོད། ཕྱིས་སུ་སྤྱི་ལོ་༡༩༠༨ལོར་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་ཡང་སོག་ཡུལ་ནས་པེ་ཅིན་དུ་བྱོན་སྐབས་སྒྲུབ་ཕུག་འདིར་བཞུགས་ཤིང་གནས་འདིའི་དགོན་སྡེ་མང་པོར་ལོ་ཕྱེད་ཙམ་གྱི་ཡུན་ལ་བཤད་སྒྲུབ་ཀྱི་ཆོས་འཁོར་བསྐོར་བར་གསུངས། ཕུག་པའི་སྒོའི་ལྷ་ཁང་ནང་ཐུགས་རྗེ་ཆེན་པོ་སོགས་སྐུ་རྟེན་མང་པོ་ཡོད། སྐབས་འདིར་ཨོ་རྒྱན་ཆེན་པོའི་སྐུ་ཆུང་ངུ་ཞིག་གསར་དུ་བཞེངས།^p168

སྐྱབས་རྗེ་མཆོག་ཉིད་ཀྱང་འདིར་ལན་གཉིས་སུ་བྱོན་ནས་ཞལ་གདམས་ཀྱི་མགུར་གླུ་སོགས་གསུངས་ཤིང་ཨོ་རྒྱན་ཆེན་པོའི་སྐུ་ཆུང་ངུ་ཞིག་གསར་དུ་བཞེངས་ཡོད། ཡང་འདིའི་ལྷོ་ནུབ་ཕྱོགས་ཀྱི་རི་ངོས་ན་ལྷོ་རིའི་གླིང་(南山寺)ཞེས་པའི་དགོན་པ་ཡོད། འདིའི་ཕྱི་ནང་ཐམས་ཅད་རྡོ་དཀར་ལས་གྲུབ་ཅིང་རི་མོ་སྣ་ཚོགས་ཡིད་དབང་འཕྲོག་པར་བཀྲ་བ་ནི་སྤྲུལ་བའི་བཟོ་བོ་རྣམས་ཀྱིས་ལོ་བཅུ་གསུམ་གྱི་རིང་ལ་བྱས་པར་བཤད། ཡང་དཀར་ཆག་ལས་ནི་འདིར་གཞན་ན་མེད་པའི་ངོ་མཚར་དང་བྱིན་རླབས་ཆེ་བའི་དགྲ་བཅོམ་བཅོ་བརྒྱད་ཀྱི་སྐུ་ཡོད་པར་གསུངས། འདི་ཉིད་ཡུལ་ལྗོངས་ལྷག་པར་མཛེས་ཤིང་ཉམས་དགའ་བས་རིགས་ཐ་དད་པའི་དད་ལྡན་གྱི་རྒྱུ་འགྲུལ་ཆེས་མང་བར་སྣང་ལ་དགོན་འདིའི་སྒོ་མཚམས་སུ་རྡོ་སྐས་བརྒྱ་དང་བརྒྱད་ཡོད་དོ། །^p169

འབྲུག་དགུ་ཆུ་འཐུང་དགོན་པའམ་ལོང་ཆན་སི་(龙泉寺) ཞེས་པ་ནི། ལྷོ་རིའི་གླིང་ནས་ནུབ་ཕྱོགས་སུ་བལྟས་པ་ན། གཡུ་འབྲུག་འདྲ་བའི་རི་རྒྱུད་དགུས་བསྐོར་ཏེ་ཆུ་མིག་དེར་ཆུ་འཐུང་བཞིན་ཡོད་པ་དང་ཚུལ་མཚུངས་པས་མིང་ལ་དེ་སྐད་དུ་བྱས་པར་གསུངས།^p170

ཡང་དཀར་ཆག་འགར། སྔོན་འབྲུག་དགུས་གནས་འདིར་གནོད་པ་བྱས་ཚེ། འཇམ་དཔལ་དབྱངས་ཀྱིས་དེ་རྣམས་དམ་ལ་བཏགས་ནས་རི་འོག་ཏུ་མནན་རྗེས། དྭངས་བསིལ་ཆུ་མིག་ལས་འབྲུག་དགུའི་གཟུགས་བརྙན་རྟག་ཏུ་ཤར་བས་དེ་ལྟར་འབྲུག་ཆུ་མིག་དགོན་པ་ཐོགས་པར་གསུངས།^p171

དགོན་འདིར་སྔོན་སུང་རྒྱལ་རབས་ཀྱི་དུས་སུ་དངུལ་སྲང་ཁྲི་ཕྲག་གསུམ་དང་སྟོང་ཕྲག་དྲུག་བཞི་བརྒྱ་ལྷག་གི་འགྲོ་སོང་དང༌། བཟོ་བོ་ཕུལ་དུ་ཕྱིན་པ་བརྒྱ་དང་ལྔ་བཅུ་ལྷག་གིས་ལོ་བཅུའི་རིང་ལ་རྡོ་ལ་རི་མོ་སྣ་ཚོགས་བརྐོས་ཏེ་བཞེངས་བར་གསུངས་ཤིང༌། འདིའི་སྒོ་མདུན་རྡོ་སྐས་བརྒྱ་དང་བརྒྱད། རྡོ་དཀར་ལ་རྨ་འབྲུག་འཕུར་ལྡིང་གི་རི་མོ་གྱ་དགུ་སོགས་ཤིན་ཏུ་ངོ་མཚར་བའི་བཀོད་པ་སྣ་ཚོགས་མར་དཀར་གྱིས་བཟོས་པ་ལྟར་དུ་འདུག འདིར་རྒྱ་ནག་གི་གྲུབ་ཐོབ་ཆེན་པོ་བླ་མ་ཕོས་ཅིས་ཞེས་པས་འབག་སྐུ་རྣམས་དང་རྟག་ཏུ་གཏམ་གླེང་མཛད་པར་བྱེད་ལ། དེ་ཉིད་ཀྱི་སྐུ་གདུང་གི་མཆོད་རྟེན་ཀྱང་ད་ལྟ་ཡོད། ཁོང་བྱམས་པའི་སྤྲུལ་པ་ཡིན་པས་མཆོད་རྟེན་གྱི་ཕྱི་ངོས་སུ་བྱམས་སྐུ་མང་པོ་འབུར་དོད་དུ་བྱས་ཡོད། འདིར་འཇམ་དཔལ་ལྷ་ཁང་དང་རྒྱལ་ཆེན་ལྷ་ཁང་སོགས་ཀྱིས་མཚོན་ཏེ་ལྷ་ཁང་བཅུ་ཕྲག་དུ་མའི་ནང་རྟེན་བྱིན་རླབས་ཅན་མང་པོ་བཞུགས། ཉེ་ཟུར་གྱི་ཆུ་མིག་དེར་དད་ལྡན་སྐྱེ་བོའི་ཚོགས་ཀྱིས་འཇམ་དཔལ་གྲུབ་ཆུ་ཞེས་དགའ་བས་རོལ་ཞིང་ཁྲུས་བྱེད་གནས་ཞིག་ཀྱང་ཡོད།^p172

ཚུ་ཧྥོའུ་སིའམ་(慈福寺)བསོད་ནམས་བྱམས་བརྩེ་དགོན་པ་ནི། ཕོའུ་སཱ་ཏེན་དགོན་པའི་བྱང་ཤར་གྱི་ཉེ་ཟུར་ན་ཡོད། འདི་ནི་ཆིན་རྒྱལ་རབས་ཀྱི་སྐབས་སུ་བཞེངས། འགྲོ་མགོན་ཆོས་འཕགས་འདིར་ཡུན་རིང་དུ་བཞུགས། འདིར་གསར་དུ་རྟེན་བཞེངས་ཀྱི་རིམ་པ་ནི། མཁན་སློབ་ཆོས་གསུམ་གྱི་སྐུ་དང༌། ཀུན་མཁྱེན་ཀློང་ཆེན་པ། རྗེ་ཙོང་ཁ་པ། འཇམ་མགོན་ས་སྐྱ་པཎ་ཆེན་ཏེ་འཇམ་དབྱངས་རྣམ་གསུམ་གྱི་སྐུ་དང༌། འཇམ་དཔལ་ཡེ་ཤེས་སེམས་དཔའ་དང༌། རིག་འཛིན་འཇིགས་མེད་གླིང་པ། ཆོས་རྒྱལ་གླིང་པ་སོགས་ཀྱི་སྐུ་བཞེངས་ཡོད།^p173

ཀྲོའུ་ནེན་སི་(竹林寺)ཞེས་པའི་དགོན་པ་ནི། མཆོད་རྟེན་ཆེན་པོའི་ལྷོ་ནུབ་ཕྱོགས་ན་ཡོད། འདིར་སྔོན་ཐང་རྒྱལ་སྲིད་ཀྱི་སློབ་དཔོན་ཞིག་གིས་སྨྱུག་མའི་ཚང་ཚིང་མཐོང་ཞིང༌། ཡུད་ཙམ་ཞིག་གིས་མི་སྣང་བར་གྱུར་པས་དེ་འཇམ་དཔལ་གྱི་ཆོ་འཕྲུལ་དུ་ཤེས་ནས་དགོན་པ་བཞེངས་པར་གསུངས། འདིར་འཇམ་དཔལ་དབྱངས་དང༌། མཁན་སློབ་ཆོས་གསུམ། རྗེ་བཙུན་མི་ལ་རས་པ། ཙོང་ཁ་བ། རིག་འཛིན་རྒོད་ལྡེམ་བཅས་ཀྱི་སྐུ་གསར་དུ་བཞེངས་ཡོད།^p174

མདོར་ན་ད་ལྟ་རི་བོ་རྩེ་ལྔའི་གནས་འདིར་དགོན་པ་ལྔ་བཅུ་ལྷག་ཡོད་ཅིང༌། དེ་རེ་རེ་བཞིན་འཇམ་དཔལ་གྱི་རྫུ་འཕྲུལ་ལས་གྲུབ་པའི་གླེང་གཞི་ཡ་མཚན་ཆེ་བ་རེ་ཡོད་ཀྱང་དེ་ཙམ་ལས་འདིར་མ་བཀོད། གོང་དུ་ཅུང་ཟད་གླེང་བའི་དགོན་པ་རྣམས་ཀྱི་ལྷ་ཁང་དང་རྟེན་གསུམ་སོགས་ཆེས་མང་པོ་འབྲི་རྒྱུ་ཡོད་ཀྱང་ཡིག་ཚོགས་མང་བར་དོགས་ནས་མ་བྲིས་སོ། །^p175

གཉིས་པ། གནས་འདིའི་ཡ་གྱལ་རྒྱལ་བའི་ལུང་དང་འབྲེལ་ཞིང་བྱིན་རླབས་ཆེ་བའི་གནས་གསུམ་བྱེ་བྲག་ཏུ་བཤད་པ་ལ། ནོར་བཟང་ཕུག་དང༌། སྲེད་མེད་བུའི་བྲག་ཕུག འཇམ་དཔལ་བཞུགས་ཁྲི་གསུམ་ལས། དང་པོ་གཞོན་ནུ་ནོར་བཟང་གི་ཕུག་པའམ་སན་ཚེ་དུང་(善财洞)ཞེས་པ་ནི། མཆོད་རྟེན་ར་བའི་གླིང་གི་མདུན་ཕྱོགས་ཤར་རིའི་ཉེ་འདབས་སུ་དུར་ཁྲོད་ཆེན་པོ་བསིལ་སྦྱིན་ཞེས་གྲགས་པའི་ཉེ་ཟུར་ན་ནོར་བཟང་དགོན་གོང་འོག་གཉིས་ཡོད་པ་ལས་ནོར་བཟང་དགོན་གོང་མའི་ནང་ཕུག་པ་འདི་ཡོད། འདི་ནི་གཞོན་ནུ་ནོར་བཟང་གིས་ཐོག་མར་འཇམ་དཔལ་དབྱངས་མཇལ་བའི་གནས་ཡིན་ཞིང་འཇམ་དཔལ་གྱིས། རིགས་ཀྱི་བུ་དགེ་བའི་བཤེས་གཉེན་འཚོལ་བ་ལ་སྐྱོ་བར་མ་བྱེད་ཅིག ཅེས་སོགས་གསུངས་ཤིང་གཞོན་ནུ་ནོར་བཟང་གིས་དགེ་བའི་བཤེས་གཉེན་བརྒྱ་རྩ་བཅུ་བསྟེན་ཏེ་མཐར་ཁྱེའུ་དཔལ་གྱི་འབྱུང་གནས་དང་བུ་མོ་དཔལ་གྱི་བློ་གྲོས་མས་ལུང་བསྟན་ཏེ། ལྷོ་ཕྱོགས་རྒྱ་མཚོའི་འགྲམ་གྱི་བཟའ་ཤིང་གི་ར་བ་རྒྱལ་མཚན་ཆེན་པོ་ཞེས་པ་ན་བྱམས་པ་བཞུགས་པའི་དྲུང་དུ་སོང་བས་ཁང་བརྩེགས་ཀྱི་ནང་ནས་བྱམས་པས་ཐོག་མར་སེམས་བསྐྱེད་པ་ནས་བཟུང་བྱང་ཆུབ་ཀྱི་སྤྱོད་པ་ཚད་མེད་པ་རྨི་ལམ་དང་སྒྱུ་མའི་འཕྲུལ་བཞིན་མཐོང་ངོ༌། །^p176

སླར་འཇམ་དཔལ་གྱི་མདུན་དུ་སོང་ཞེས་ལུང་བསྟན་པ་བཞིན་འོང་སྐབས་འཇམ་དཔལ་གྱིས་ཕྱག་བརྐྱངས་ཏེ་གཞོན་ནུ་ནོར་བཟང་གི་མགོ་ལ་བཞག་ཚེ། འཕགས་པ་ཀུན་ཏུ་བཟང་པོའི་དཀྱིལ་འཁོར་རྒྱ་མཚོ་ལྟ་བུ་ལ་དབང་འབྱོར་ཏེ། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །ཞེས་སོགས་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གསུངས་པ་སོགས་མདོ་སྡེ་ཕལ་པོ་ཆེའི་ནང་ཚན་སྡོང་པོ་བཀོད་པ་ལས་རྒྱས་པར་གསུངས་པས་དེར་བལྟ་བར་བྱ། འདི་ལའང་རྒྱ་ནག་གི་སངས་རྒྱས་ཕལ་པོ་ཆེའི་མདོ་ཤིན་ཏུ་རྒྱས་པའི་སྡེ་སྣོད་ཅིན་གར་གྱི་ལོ་ཙཱ་བ་ཐོ་པོ་ཐོ་ལོ་ཞེས་པའི་འགྱུར་ལས། སྐབས་འདིར་གཞོན་ནུ་ནོར་བཟང་གིས་དགེ་བའི་བཤེས་གཉེན་ལྔ་བཅུ་ང་གསུམ་བསྟེན་ནས་མཐར་ཕུག་པ་འདིར་ལྷག་པ་ཡིན་པར་གསུངས་པས། གོང་གི་བརྒྱ་རྩ་བཅུའི་གྲངས་དང་མི་འདྲ་བར་གསུངས་པའང་མཐོང་ངོ༌། །^p177

ཡང་ཕུག་པ་འདིར་སློབ་དཔོན་སངས་རྒྱས་གཉིས་པ་དང༌། པནྚི་ཏ་བཱི་མ་ལ་མི་ཏྲ། སློབ་དཔོན་ཡེ་ཤེས་མདོ་དང༌། ལྕང་སྐྱ་རོལ་བའི་རྡོ་རྗེ་སོགས་ཡུན་རིང་དུ་ཏིང་ངེ་འཛིན་ལ་བཞུགས་པར་གསུངས། སྐབས་འདིར་སྐྱབས་རྗེ་མཆོག་ཀྱང་ཞག་བདུན་ཕྲག་གསུམ་ལ་ཏིང་ངེ་འཛིན་ལ་བཞུགས་ཏེ་མཐར་ས་ག་ཟླ་བའི་ཚེས་ཉེར་དགུའི་སྔ་དྲོ་ལ་འཇམ་དཔལ་དབྱངས་ཀྱི་ཞལ་མངོན་སུམ་དུ་གཟིགས་པའི་སྐབས་སུ། ཉིད་ཀྱི་ཞལ་ནས་ཐོལ་བྱུང་དུ་འདི་སྐད་གསུངས། རྡུལ་བྲལ་སྟོང་པའི་དབྱིངས་དང་རོ་གཅིག་པའི། །མཁའ་དབྱིངས་ཀུན་ཁྱབ་ཡེ་ཤེས་རྡོ་རྗེའི་སྐུ། །མཐོང་བས་མི་ངོམས་མཚན་དཔེའི་ལང་ཚོ་ཅན། །གཞོན་ནུའི་ཚུལ་འཆང་ཁྱེད་ལ་ཕྱག་འཚལ་ལོ། །སྐྱབས་མེད་བུ་ཆུང་མ་ལ་རེ་བ་ལྟར། །ཤུགས་དྲག་དད་པས་དྲངས་པའི་གདུང་ཡུས་ཀྱིས། །ཉིན་མཚན་ཀུན་ཏུ་བཙལ་ཀྱང་ཁྱེད་ཀྱི་སྐུ། །མཇལ་བར་མ་གྱུར་ད་སྔོན་གང་དུ་བཞུགས། །ཁྲི་ཕྲག་གྲངས་ལས་བརྒལ་བའི་སྐྱེ་བོ་རྣམས། །ཤུལ་རིང་ལམ་ནས་ངལ་བ་ཁྱད་བསད་དེ། །མགོན་ཁྱེད་འབའ་ཞིག་དྲན་ནས་འདིར་ལྷགས་ན། །ཐུགས་བརྩེས་འདོར་བར་ཕོད་དམ་སྙིང་རྗེའི་གཏེར། །ཀྱེ་མ་བདག་ཅག་ཉམ་ཐག་སེམས་ཅན་རྣམས། །བཟོད་དཀའ་འཁོར་བའི་བཙོན་དོང་ནང་དུ་ཚུད། །ལས་ཉོན་ལྕགས་སྒྲོག་དམ་པོས་བར་མེད་བསྡམས། །དགེ་བློའི་སྣང་བ་བྲལ་འདི་གཟིགས་ལགས་སམ། །གཟིགས་ན་ཐུགས་རྗེ་ནུས་པའི་རྩལ་ཕྱུངས་ལ། །གཟུང་འཛིན་སྲིད་པའི་འཁྲུལ་སྣང་མ་ལུས་པ། །རྨི་ལམ་སད་པའི་སྣང་བ་ཇི་བཞིན་དུ། །མཉམ་ཉིད་བདེ་ཆེན་ངང་དུ་ཞི་བར་མཛོད། །ཁྱེད་ནི་རྒྱལ་ཀུན་ཕྲིན་ལས་བྱེད་པོ་རུ། །བསྐལ་མང་གོང་ནས་མངོན་པར་མངའ་གསོལ་ཕྱིར། །ཐུབ་བསྟན་དྲི་བྲལ་ཉི་ཟླའི་སྣང་བ་ཡིས། །འགྲོ་བསོད་ལྷ་ལམ་ཁྱོན་ཀུན་འགེངས་བར་མཛོད། །བདག་ནི་མཁའ་ཁྱབ་འགྲོ་ལ་སྨན་སླད་དུ། །ནམ་མཁའ་སྲིད་དུ་བརྩོན་པར་དམ་བཅའ་ན། །ཡབ་གཅིག་ཁྱོད་དང་སྐལ་བ་མཉམ་པ་རུ། །ད་ལྟ་ཉིད་དུ་བྱིན་གྱིས་བརླབ་ཏུ་གསོལ། །ད་ནས་སྐྱེ་དང་ཚེ་རབས་ཐམས་ཅད་དུ། །ལྷ་མཆོག་ཁྱེད་དང་སྐད་ཅིག་མི་འབྲལ་བར། །བཟང་པོ་སྤྱོད་པའི་སྨོན་ལམ་རྒྱལ་པོ་ཡི། །དོན་འབྲས་མཐའ་དག་མངོན་དུ་འགྱུར་བར་ཤོག །ཅེས་པ་ནི་གནས་མཆོག་རི་བོ་རྩེ་ལྔའི་སའི་ལྟེ་བ་ཤར་རིའི་ཉེ་འདབས་དུར་ཁྲོད་ཆེན་པོ་བསིལ་སྦྱིན་ཞེས་བྱ་བ་རིག་འཛིན་ཤྲཱི་སེང་ཧ། ཨོ་རྒྱན་སངས་རྒྱས་གཉིས་པ། མཁས་པ་ཛྙཱ་ན་སུ་ཏྲ། པཎ་ཆེན་བཱི་མ་མི་ཏྲ། ལོ་ཆེན་བཻ་རོ་ཙ་ན་སོགས་ཏིང་ངེ་འཛིན་ལ་ཡུན་རིང་དུ་བཞུགས་ཤིང་ཁྱད་པར་དུའང་གཞོན་ནུ་ནོར་བཟང་གིས་འཇམ་པའི་དབྱངས་ཐོག་མར་མཇལ་ཏེ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་དང༌། དེའི་རྗེས་སུ་དགེ་བའི་བཤེས་གཉེན་བརྒྱ་རྩ་བཅུ་བསྟེན་པའི་མཐར་འཇམ་དཔལ་གྱི་མཐུས་ཀུན་ཏུ་བཟང་པོའི་དཀྱིལ་འཁོར་རྒྱ་མཚོ་ལྟ་བུ་མཇལ་ཏེ། བཟང་པོ་སྤྱོད་པའི་སྨོན་ལམ་ཚིགས་སུ་བཅད་པ་གསུང་སྐབས་འཇམ་དཔལ་བཞུགས་པའི་སྒྲུབ་ཕུག་ཁྱད་པར་ཅན་དུ་ངག་དབང་བློ་གྲོས་མཚུངས་མེད་པས་རབ་བྱུང་བཅུ་བདུན་པའི་ཐོག་མ་མེ་ཡོས་ཟླ་༤ཚེས་༢༩སྔ་དྲོར་དག་པའི་སྣང་བར་ཅུང་ཟད་འཕྱན་པའི་ཚེ་ངག་ནས་གང་བྱུང་མ་བཅོས་པར་སྨྲས་པ་སྒྲ་ཕབ་འཁོར་ལོ་ལས་སླར་ཡི་གེར་བཀོད་པ་དགེ་ལེགས་འཕེལ། ཞེས་འཇམ་དཔལ་གྱི་ཐུགས་རྒྱུད་བསྐུལ་ཞིང་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ཚུལ་སོགས་དང༌། ཚུལ་འདིའི་ངོ་སྤྲོད་བཅས་བོད་རྒྱ་སོག་ཡིག་གསུམ་ལ་བཀོད་དེ་ཕུག་པའི་ནང་དུ་ཡོད།^p178

གཞན་ཡང་ད་ལྟ་ཕུག་པའི་ནང་དུ་དབུས་སུ་འཇམ་དཔལ་ཡེ་ཤེས་སེམས་དཔའི་སྐུ་དང༌། གཡས་ཕྱོགས་ན་གཞོན་ནུ་ནོར་བཟང་གི་སྐུ། གཡོན་ཕྱོགས་ན་སྐྱབས་རྗེ་ཉིད་ཀྱི་འདྲ་སྐུ་མཆོད་སྦྱིན་གྱི་ཕྱག་རྒྱ་ཅན་ནོར་བུ་དང་བགྲང་ཕྲེང་བསྣམས་པ་བཅས་གསར་དུ་བཞེངས་ཡོད། འདིར་དད་ལྡན་རྣམས་ཀྱིས་སྨོན་ལམ་བཏབ་ན་ཐོག་མེད་ཀྱི་སྡིག་ལྟུང་འདག་ཅིང་དགེ་སྒྲུབ་སྡིག་སྤང་གི་དམ་བཅའ་བྱས་ན་སྐྱབས་རྗེ་དེ་གསུམ་གྱི་དགེ་རྩ་དང་མཉམ་དུ་འདྲེས་ཏེ་བྱང་ཆུབ་ཐོབ་པར་གསུངས། འདིའི་གཡས་ཟུར་ན་མདོ་མང་ཐུབ་བསྟན་དགེ་འཕེལ་གླིང་གི་ལྷ་ཁང་དུ། དབུས་སུ་འཇམ་དཔལ་ཡེ་ཤེས་སེམས་དཔའ། གཡས་སུ་གུ་རུ་རྒྱ་གར་མ། གཡོན་དུ་རྗེ་ཙོང་ཁ་པ་ཆེན་པོ། དགྲ་བཅོམ་ཉི་ཤུ་བཅས་གསར་བཞེངས་བྱས་ཡོད། གཞན་ཡང་མི་ལ་རས་པའི་སྐུ་ཆུང་ངུ་ཤིན་ཏུ་ཡིད་འཕྲོག་པ་ཞིག་ཀྱང་བཞེངས་ཡོད།^p179

གཉིས་པ་ལོ་ཡན་ཁཱུའམ་(罗延窟)སྲེད་མེད་བུའི་བྲག་ཕུག་ནི། ཤར་རིའི་རྩེ་ན་རྒྱ་མཚོ་མཐོང་བའི་གླིང་ཞེས་པའི་དགོན་པ་ཡོད། དེའི་ཤར་ཕྱོགས་ཀྱི་རྒྱབ་ངོས་སུ་ཐུར་དུ་སོང་བ་ན་ལེ་དབར་ཕྱེད་ཅུང་མེད་ཙམ་གྱི་མཚམས་སུ་ཡོད། འདི་ནི་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ལག་ན་རྡོ་རྗེ་སོགས་བྱང་ཆུབ་སེམས་དཔའི་འཁོར་ཁྲི་ཕྲག་དང་བཅས་ཏེ་རྟག་ཏུ་བཞུགས་ཤིང་ཆོས་ཀྱང་སྟོན་བཞིན་པའི་ཕོ་བྲང་དུ་གསུངས།^p180

ཁྱད་པར་ཤིན་ཏུ་རྒྱས་པའི་སྡེ་སྣོད་སངས་རྒྱས་ཕལ་བོ་ཆེའི་མདོ་ལས། ཙི་ནའི་ཡུལ་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཞུགས་གནས་ཕོ་བྲང་ཞིག་ཡོད་པའི་མིང་སྲེད་མེད་ཀྱི་བུའི་བྲག་ཁུང་ཞེས་བྱ་བ། བསྐལ་པ་དང་པོའི་དུས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འཚོགས་ཤིང་བཞུགས་པའི་གནས་ཡིན་ནོ། །ཞེས་གསུངས།^p181

འདིར་ལོ་ཡན་ཞེས་པའི་གྲུབ་ཐོབ་ཅིག་ཕུག་པའི་ནང་དུ་ཕྱིན་ནས་སླར་མ་བྱོན་པར་གསུངས། དེའི་དབུ་ཞྭ་ལུས་པ་སྙིང་པོ་བྱས་ཏེ་མཆོད་རྟེན་བཞེངས་པ་ད་ལྟའང་ཤར་རིའི་རྩེའི་དགོན་པ་ན་མཇལ་རྒྱུ་ཡོད། ཕུག་པ་འདི་ཉིད་ཤིན་ཏུ་ངོ་མཚར་བའི་རྟགས་སུ་དབྱར་དུས་སུའང་ཆབ་རོམ་རྒྱུན་དུ་ཆགས་པ་དང་སྒྲུབ་ཕུག་གི་གཏིང་ཀླུའི་ཡུལ་དུ་ཟུག་པས་ཀླུའི་རིགས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་རྟག་ཏུ་འདུ་ཞིང་ཆོ་འཕྲུལ་སྣ་ཚོགས་མངོན་སུམ་དུ་སྟོན་ལ། སྐབས་སྐབས་སུ་སྒྲུབ་ཕུག་གི་ནང་ནས་ན་བུན་དང་དུད་སྤྲིན་ཕྱུར་ཞིང་ལྡིར་སྒྲ་སྣ་ཚོགས་ཐོས། འདིར་མི་ཕལ་བ་རྣམས་ཞག་གཅིག་ཙམ་ལས་ལྷག་པར་སྡོད་མི་ནུས་པ་སོགས་བཤད་ཀྱང་སྐྱབས་རྗེ་ཉིད་ཞག་བདུན་ཕྲག་གཉིས་ལྷག་ལ་བཞུགས་ཤིང༌། ཕྱི་དྲོའི་ཐུན་བར་དུ་སྒྲུབ་ཕུག་གི་སྒོ་མཚམས་སུ་སྤྱན་རས་གཟིགས་ཀྱི་ཁྲི་ཞེས་གྲགས་པ་དེར་འཁོར་དགེ་འདུན་བརྒྱ་ཕྲག་ལྔ་ལྷག་ལ་ཐོག་མར་བྱོན་ཉིན་འཇམ་མགོན་བླ་མ་མི་ཕམ་པས་མཛད་པའི་མཚོ་རྒྱལ་གསོལ་འདེབས་དེ་ཉིད་ཐུགས་སྐྱོ་བའི་ངང་ནས་དབྱངས་ལ་དྲངས་ནས་ལུང་གསུངས།^p182

དེ་ནས་ཉིན་རེ་བཞིན་རིམ་པར་གྲོ་ལོད་བདེ་གཤེགས་འདུས་པའི་དབང་དང༌། ཚིག་བདུན་སྤྱན་འདྲེན་གྱི་རྣམ་བཤད་པདྨ་དཀར་པོ། རྡོ་རྗེ་ཚིག་བདུན་དང་འབྲེལ་བའི་བླ་མའི་རྣལ་འབྱོར་དང་ཚོགས་མཆོད་བཅས་གནང༌། སངས་རྒྱས་འཁོར་བཅས་མཆོད་ཐབས་ཞེས་ལས་གླིང་གསུང་ལས་བསྟན་པའི་བདག་པོ་སྟོན་པ་བཀའ་དྲིན་ཅན་གྱི་རྗེས་གནང་དང༌། ཕྱག་རྡོར་དཔའ་གཅིག་གི་དབང༌། ཐུགས་ཆེན་ཆོས་སྐོར་ལས། བདག་བསྐྱེད་བསྡུས་པའི་སྨིན་དབང༌། རིག་འཛིན་འདུས་པའི་གབ་རྒྱ་བཅུ་པ་ལས་གུ་རུའི་ཟབ་དབང༌། རྟ་མགྲིན་ཟབ་དབང༌། མཚོ་རྒྱལ་ཟབ་དབང༌། ཚེ་དབང་བདུད་རྩིའི་བུམ་བཅུད་རྣམས་གནང༌། གནས་དེར་རྗེ་ཉིད་ཀྱིས་ཐུགས་གཏེར་དུ་ཕབ་པའི་འཇམ་དཔལ་ཞི་སྒྲུབ་ཀྱི་དབང་ལུང་རྒྱས་སྤྲོས་སུ་ལན་གཉིས་བར་གནང༌། ཁྲིད་ལུང་སྐོར་ཡང་འཇམ་མགོན་བླ་མ་མི་ཕམ་རིན་པོ་ཆེས་མཛད་པའི་རྫོགས་ཆེན་ཁྲིད་ཡིག་སངས་རྒྱས་ལག་སྟེར་དང༌། རྒྱལ་དབང་ཀློང་ཆེན་པའི་ཚིག་དོན་རིན་པོ་ཆེའི་མཛོད། འཇམ་དཔལ་ཞི་སྒྲུབ་ཀྱི་ཆ་ལག་ཁྲིད་ཡིག་སངས་རྒྱས་ལག་སྟེར་དང༌། ཚེ་རབས་རྗེས་འཛིན་སྨོན་ལམ། སྐྱིད་གླུ་བྱིས་པ་དགྱེས་པའི་དགའ་སྟོན། ཞི་སྒྲུབ་ཀྱི་བརྒྱུད་འདེབས། ཡང་སྙིང་རྒྱུད་ཀྱི་དགོངས་འགྲེལ་འཇམ་དཔལ་དགྱེས་པའི་ཞལ་ལུང་ལེགས་བཤད་རྒྱ་མཚོ་སྤྲོ་བའི་ས་བོན། བརྡ་གླུ་བྱིས་པའི་རྩེད་མོ་ཉམས་འགྱུར་སུམ་ལྡན། ཞལ་གདམས་བླང་དོར་ལམ་སྟོན། གསོལ་འདེབས་བྱིན་རླབས་མྱུར་སྩོལ། འཇམ་དཔལ་ཞི་སྒྲུབ་ཀྱི་ཆ་ལག་བློ་འཕེལ་རིལ་བུ་སྒྲུབ་ཐབས། སྒྲ་དབྱངས་ལྷ་མོའི་སྒྲུབ་ཐབས་ངག་དང་བློ་ཡི་དཔལ་སྟེར་སོགས་དེ་ལྟར་དགོངས་གཏེར་གྱི་བསྟན་བཅོས་མང་པོ་རིག་ཀློང་ནས་རྩོལ་མེད་དུ་རྡོལ་བ་རྣམས་རྒྱས་པར་གནང༌།^p183

གཞན་ཡང་གནས་འདིར་མཁན་རིན་པོ་ཆེ་སྒེགས་པ་ནས་ཡིད་བཞིན་མཛོད་འགྲེལ་པདྨ་དཀར་པོའི་ཁྲིད་ལུང་གནང༌། ཡང་མཁན་རིན་པོ་ཆེ་འཇིགས་དབང་ནས་མཁས་འཇུག་དང༌། ཐེག་མཆོག་རིན་པོ་ཆེའི་མཛོད། གྲུབ་མཐའ་མཛོད། ཆོས་དབྱིངས་མཛོད། གནས་ལུགས་མཛོད། མན་ངག་མཛོད་རྣམས་ཀྱི་ཁྲིད་ལུང་རྒྱས་པར་གནང༌། དེ་ཡང་འདིར་མཛད་པའི་སྐྱིད་གླུ་ལས། རང་དང་ཡུན་རིང་འགྲོགས་པའི་འཇམ་དཔལ་གཞོན་ནུ། །མཇལ་མ་མྱོང་བ་དེ་རིང་གསལ་བོར་མཇལ་སོང༌། །ཞེས་སོགས་གསུངས་པ་ལྟར་རོ། །^p184

མདོར་ན་ཕུག་པའི་ནང་གི་ས་རྡོ་རྣམས་ཀྱང་འཇམ་དཔལ་རིལ་བུ་དང་འདྲ་ཞིང་ནད་མུག་འཁྲུག་རྩོད་སེལ་ནུས་པ་སོགས་མཐོང་གྲོལ་དང་རེག་གྲོལ་དུ་གསུངས་པས་འདི་ཉིད་བྱིན་རླབས་ཁྱད་དུ་འཕགས་སོ། །སྐབས་འདིར་ཕུག་པའི་ནང་དུ་འཇམ་དཔལ་ཡེ་ཤེས་སེམས་དཔའི་སྐུ་ཞིག་གསར་དུ་བཞེངས་ཡོད།^p185

གསུམ་པ་འཇམ་དཔལ་བཞུགས་ཁྲི་རྡོ་དྭངས་བསིལ་ལམ་ཆིན་ཉན་ཧྲི་(清凉石)ཞེས་པ་ནི། མཆོད་རྟེན་ར་བའི་གླིང་ནས་ལྷོ་རིའི་ཕྱོགས་སུ་ལམ་ཆེན་བརྒྱུད་ནས་ལེ་དབར་སུམ་ཅུ་སོ་གཉིས་ཀྱི་མཚམས་སུ་ཡོད། དེའང་གོང་གི་ཅིན་ཁེ་སི་ཞེས་པའི་དགོན་པ་ནས་རྒྱབ་ཕྱོགས་སུ་ལེ་དབར་གཉིས་ཙམ་སོང་བ་ན། འཇམ་མཉེན་ལྕུག་ཕྲན་ལྡེམ་པའི་གཡུ་ལྗོན་གྱི་དྲྭ་གསེབ་ན་ལྷ་བྱ་སྣ་ཚོགས་ཀྱི་མགྲིན་གླུ་གྱེར་བའི་དབེན་གསིང་ཉམས་དགའ་བ་ཞིག་ཏུ་དྭངས་བསིལ་རྡོ་ཡི་གླིང་ (清凉寺)ཞེས་པའི་དགོན་པ་ཆགས་ཡོད། དེའི་ལྕགས་རིའི་ནང་དུ་བཞུགས་ཁྲི་ཉིད་ད་ལྟའང་ཡོད། འདིའི་སྲིད་དུ་ཁྲུ་བཅོ་ལྔ་དང་ཞེང་ལ་ཁྲུ་བརྒྱད། དཔངས་སུ་ཁྲུ་དྲུག་ཡོད། དེ་ཡང་སྔོན་རི་བོ་རྩེ་ལྔའི་གནས་འདིར་གནམ་གཤིས་དྲོ་གྲང་མི་འཚམས་ཤིང་དགུན་ལ་གྲང་ལྷག་ཆེ་བ་དང་དབྱར་ལ་ཚ་གདུང་ཆེ་བས་ཡུལ་མི་རྣམས་ཀྱིས་ལོ་ཏོག་རྨོ་བ་སོགས་ཀྱི་བྱ་ཐབས་བྲལ་ཏེ་འཚོ་བ་ཤིན་ཏུ་ཕོངས་བའི་ངང་དུ་གནས་སོ། །^p186

དེའི་ཚེ་འཇམ་དཔལ་གཞོན་ནུ་རྣམ་པ་མིའི་གཟུགས་སུ་སྤྲུལ་ཏེ་ཤར་ཕྱོགས་རྒྱ་མཚོའི་གླིང་གི་ཀླུའི་ཕོ་བྲང་དེར་ཕྱིན་ཏོ། །དེའི་ཕྱི་རོལ་ན་ཡོད་པའི་རྡོ་དེ་བསླང་ཚེ། ཀླུ་རྒྱལ་གྱིས་གུས་པས་སྨྲས་པ། ཆོས་ཀྱི་སློབ་དཔོན་ཆེན་པོ་ལགས། གཞན་ལོངས་སྤྱོད་ཅི་དགོས་ཁྱེད་ལ་དབུལ་བས་ཆོག་མོད། རྡོ་འདི་ཉིད་ནི་ལོ་བརྒྱ་ཕྲག་མང་པོར་དཀའ་བ་སྤྱད་དེ་མཚོ་གཏིང་ནས་བཏོན་པ་ཡིན། འདི་ལ་རྟག་ཏུ་ཞི་བསིལ་ཆགས་པས་བདག་ཅག་ཚ་བས་ཉེན་སྐབས་ངལ་གསོ་བྱེད་པའི་གནས་ཡིན་པས་སྟེར་རྒྱུ་མི་འདུག་ཅེས་གུས་པས་གསོལ་བ་ན། འཇམ་དཔལ་གྱིས་སྨྲས་པ། བདག་བན་རྒན་བགྲེས་པོ་རི་བོ་རྩེ་ལྔ་ནས་ཆེད་གཉེར་དུ་འོང་བ་འདི་ཁོ་ནའི་ཆེད་དུ་ཡིན་པས་ཅིས་ཀྱང་གནང་རོགས་ཞུ་ཞེས་བྱས་པས། ཀླུ་རྒྱལ་གྱི་ཐུགས་ལ། རྡོ་འདི་ཉིད་རྒྱ་མ་ཁྲི་ཕྲག་མང་པོ་ཡོད་པས་མི་གཅིག་གིས་འཁྱེར་མི་ཐུབ་སྙམ་ནས་གཡོ་ཟོལ་གྱི་སྒོ་ནས། འོ་ན་སྟེར་བས་ཆོགས་ཞེས་སྨྲས་པ་ན། འཇམ་དཔལ་གྱིས། བཀའ་དྲིན་ཆེ་ཞེས་སྔགས་ཤིག་བཏོན་ནས་རྡོ་ལ་བཏབ་ཚེ་མདེའུ་ཙམ་དུ་གྱུར་པས། དེ་ཕུ་ཐུང་དུ་བཅུག་ནས་ཕྱིར་རི་བོ་རྩེ་ལྔར་བྱོན་ཏེ་ལྷོ་རིའི་འདབས་སུ་བཞག་ཚེ་རྡོ་ཉིད་སྔོན་གྱི་གཟུགས་བཞིན་གྱུར་ཏོ། །དེ་ཚེ་གནས་འདི་ཤིན་ཏུ་དྭངས་ཤིང་བསིལ་བར་གྱུར་ཏེ་མི་རྣམས་ཀྱི་འཚོ་བའང་བདེ་དགེ་ཕུན་སུམ་ཚོགས་པའི་རང་བཞིན་དུ་གྱུར་ཏོ། །^p187

དེ་ནས་བཟུང་གནས་འདི་ལ་དྭངས་བསིལ་རི་བོ་ཞེས་ཡོངས་སུ་གྲགས་ཏེ། གོང་དུ་དྲངས་བའི་མདོ་ཕལ་པོ་ཆེ་ལས། བྱང་ཤར་གྱི་མཚམས་སུ་རི་བོ་དྭངས་བསིལ་ཞེས་བྱ་བ། བསྐལ་བ་དང་པོའི་དུས་ནས་བྱང་ཆུབ་སེམས་དཔའི་ཚོགས་ཡང་དག་པར་འདུ་བའི་གནས་ཡིན་ཏེ། ད་ལྟའང་འཇམ་དཔལ་གཞོན་ནུར་གྱུར་པ་རང་གི་འཁོར་བྱང་ཆུབ་སེམས་དཔའ་སྟོང་ཕྲག་བཅུའི་ཚོགས་དང་བཅས་ཏེ་གནས་དེར་རྟག་ཏུ་གནས་ཤིང་དམ་པའི་ཆོས་ཀྱང་རྒྱ་ཆེར་སྟོན་བཞིན་བཞུགས་སོ་ཞེས་དང༌། རྒྱ་བོད་ཀྱི་ལོ་རྒྱུས་ཁུངས་ཐུབ་རྣམས་ལས་ཞལ་མཐུན་པར་དྭངས་བསིལ་རི་བོ་ཞེས་གསུངས་པའི་རྒྱུ་མཚན་འདི་ལས་བྱུང་བ་ཡིན་ནོ། །^p188

དེས་ན་གོང་དུ་ཀླུ་རྒྱལ་གྱིས་རྡོ་དྭངས་བསིལ་བྱིན་པའི་སྐབས་དེར་ཀླུའི་སྲས་ལྔ་རབ་ཏུ་ཁྲོས་ཏེ་འཇམ་དཔལ་གྱི་རྗེས་སུ་བསྙེགས་ཏེ་གནས་འདིའི་རི་རྩེ་ཐམས་ཅད་སྦལ་སློག་བྱས་ནས་བསྙིལ་བར་བྱས་པས། དེའང་གནའ་སྔ་མོར་རི་བོ་རྩེ་ལྔ་འདི་རི་རྩ་བ་གཅིག་ལ་རྩེ་མོ་ལྔ་ཡོད་ཅིང་མི་རྣམས་རི་རྩེར་འཛེགས་མི་ནུས་པའི་གནམ་ལྕགས་གྱེན་དུ་བསླང་འདྲ་ཞིག་ཡིན་ཡང༌། དེང་སང་རི་རྩེ་མང་དུ་ཡོད་པ་ནི་སྐབས་དེར་ཀླུ་རྣམས་ཀྱིས་གཏོར་བར་བྱས་པའོ། །^p189

མཐར་འཇམ་དཔལ་གྱིས་རྒན་པོའི་གཟུགས་སུ་སྣང་བར་བྱས་ཏེ་ཁྱེད་ཅག་གི་རྡོ་མེ་མོ་ཡན་(秘魔岩)ཞེས་པ་དེར་ཡོད་བྱས་པས་དེར་སོང་བ་ན་བྲག་ཕུག་ནང་ཆེ་ལ་ཕྱི་རུབ་པ་ཞིག་ཏུ་གྱུར་ཏེ་ཕྱིར་མ་ཐར། དེ་འཇམ་དཔལ་དུ་ཤེས་ནས་སྐྲག་སྟེ་བཟོད་གསོལ་བྱས། དེ་དག་དམ་ལ་བཏགས་ནས་གནས་འདིར་འབྱུང་བཞིའི་གནོད་པ་བསྲུང་བར་ཁས་བླངས་བས་དེང་སང་རི་རྩེ་ལྔ་པོ་ན་ཀླུ་མཁར་རེ་ཡོད་པའི་རྒྱུ་མཚན་དེ་ཡིན། བྲག་ཕུག་དེ་ལ་ཀླུ་ཕུག་(朝龙洞)ཅེས་བྲག་རི་གཉིས་ཁ་སྤྲོད་པ་ཤིན་ཏུ་ངོ་མཚར་ཆེ་ཞིང་འདིར་ཐོན་ན་རི་བོ་རྩེ་ལྔར་ཕྱིན་པའི་ཕན་ཡོན་ཐོབ་པ་དང་ནང་དུ་མཐོང་སྣང་སྣ་ཚོགས་འཆར་བ་ཞིག་ཀྱང་ཡིན།^p190

མདོར་ན་བཞུགས་ཁྲི་འདི་ལ་ལྷུན་པོ་བཀོད་པའི་རྒྱན་ལས། སྟོན་པ་ཉིད་དང་དགྲ་བཅོམ་ལྔ་བརྒྱ་དང༌། །རྒྱལ་སྲས་ཁྲི་ཚོ་རྣམས་ཀྱང་འདི་ལ་བཞུགས། །བཞུགས་ཁྲི་འདི་ནི་ཀླུ་དབང་མཆོག་རྣམས་ཀྱིས། །འཇམ་པའི་དབྱངས་ལ་གུས་པས་རབ་ཏུ་ཕུལ། །ཞེས་དང༌། ལྕང་སྐྱའི་གནས་ཡིག་ལས། བཞུགས་ཁྲི་འདིའི་སྟེང་སྔོན་དགེ་སློང་བཙུན་པ་ཞིག་གིས་ཆ་བྱད་འཇིགས་སུ་རུང་བ་བྱས་ཏེ་འཁོར་མང་པོ་ལ་སྒྲ་སྐད་གསལ་ཞིང་སྙན་པས་ཆོས་འཆད་བཞིན་པ་ལ། མདུན་དུ་སོང་བ་ན་འཕྲལ་དུ་མི་སྣང་བར་གྱུར་སོང་ཞེས་དང༌། སྐྱེ་བོ་དམ་པ་འགའ་རེས་བཞུགས་ཁྲི་འདིའི་མིང་ཐོས་པ་དང་སྐྱེ་བ་དྲན་པར་གྱུར་ཏོ། །ཞེས་སོགས་གསུངས།^p191

ཡང་རྒྱ་ནག་གི་གནས་བཤད་འགའ་རེར། བཞུགས་ཁྲི་འདི་ཉིད་རྫུ་འཕྲུལ་ཅན་ཞིག་ཡིན་པས་ཐེངས་རེ་མི་བཞི་བཅུ་ཙམ་ལས་མི་ཤོང༌། ཐེངས་རེ་མི་བཞི་བརྒྱ་ཙམ་ཡང་ཤོང་ཞེས་གསུངས། ངེད་ཅག་ཀྱང་ཆོས་རྗེ་ཉིད་ཀྱི་གཙོས་འཁོར་སློབ་ལྔ་བརྒྱ་ཙམ་ཁྲི་སྟེང་ནས་སྐུ་པར་བླངས་ཀྱང་ལེགས་པར་ཤོང་བས་ཀུན་ལ་ཡ་མཚན་པར་གྲགས་སོ། །^p192

འདིར་ཡང་ཟབ་རྒྱས་ཀྱི་ཆོས་གསུངས་ཚུལ་ནི། ཚིག་དོན་མཛོད་སྔར་གྱི་གསུང་འཕྲོ་མཐར་ཆགས་སུ་གནང༌། གཏེར་ཆེན་ལས་རབ་གླིང་པའི་གཏེར་ཆོས་ལས་བླ་མ་ཀུན་འདུས་དངོས་གྲུབ་རྒྱ་མཚོ་ལ་གུ་རུ་མཚན་བརྒྱད་དབང་ཤེལ་བྲག་ནས་གདན་དྲངས་པ་སྤྲུལ་སྐུའི་དབང་ཆོག་བདུད་རྩིའི་གཏེར་བུམ། ཐུགས་སྒྲུབ་ཀྱི་དབང་ཆོག་བསྡུས་དོན་ལག་ལེན་དུ་བཀོད་པ་བདུད་རྩིའི་ཐིགས་པ། དངོས་གྲུབ་རྒྱ་མཚོ་ལས་ལོངས་སྐུའི་དབང་ཆོག ཡང་དངོས་གྲུབ་རྒྱ་མཚོ་ལས་བླ་མ་ཆོས་སྐུའི་དབང་ཆོག གྲོ་ལོད་བདེ་གཤེགས་འདུས་པའི་དབང་དང་ཉིད་ཀྱིས་གསུངས་པའི་གེ་སར་སྲོག་གཏད་གནང༌། རྫོགས་པ་ཆེན་པོ་ལྟ་བའི་ཉམས་མགུར་སྒྲ་སྙན་གྱི་རོལ་མོ་ཞེས་པ་དང༌། ལུགས་ཀྱི་བསྟན་བཅོས་ལྷ་དང་དཔལ་འདུ་བའི་ནོར་བུ། སྨན་བླའི་མདོ་ཆོག་བདུད་རྩིའི་བུམ་བཟང༌། བཟང་སྤྱོད་སྨོན་ལམ་རྣམས་ལྗགས་ཁྲིད་ཞིབ་པར་གནང༌། གཞན་ཡང་རྫོགས་སྐོར་དང་ཉམས་མགུར་སྐྱིད་གླུ་སོགས་དབྱངས་ལ་དྲངས་ཏེ་ཐུགས་ཉམས་སྤྲོ་བའི་ཚུལ་གྱིས་རྒྱ་ཆེར་གསུངས་ཤིང༌། གསར་དུ་འཇམ་དཔལ་དང་གུ་རུའི་སྐུ་བཞེངས་ཡོད།^p193

དེས་ན་གནས་ཕྱི་མ་གསུམ་འདི་རྒྱལ་བའི་ལུང་དང་འབྲེལ་ཞིང་འཇམ་མགོན་བླ་མས་ཤིན་ཏུ་ཐུགས་རྩིས་མཛད་ཕྱིར་གནས་འདིར་ཐོན་ནས་འདི་གསུམ་དུ་མ་ཐོན་ན་ཤིན་ཏུ་ཕངས་ལ། སྤྱིར་གནས་བྱིན་རླབས་ཅན་འདི་དག་རྣམས་སུ་འགྲོ་སྐབས་ཡང་རང་སྐལ་དང་འཚམ་པར་སྨོན་ལམ་བཟང་པོ་རེ་ཡང་མ་བཏབ་པར། རི་བོང་ཅལ་འདྲོག་གི་ལོ་རྒྱུས་ལྟར་གཞན་གྱི་རྗེས་སུ་རྒྱལ་ཁམས་འགྲིམས་འདོད་ཀྱིས་ཁ་ཡེངས་མིག་ཡེངས་སུ་སོང་ན་དགོས་པ་ཆེར་མ་དམིགས་ཏེ། གཏམ་པདྨའི་ཚལ་གྱི་ཟློས་གར་ལས། རྒྱལ་ཁམས་འགྲིམས་ལ་འདྲ་ཞིག་ཡོད། །ལྟད་མོ་བལྟ་བའི་མཚར་འདོད་གཅིག །དད་པ་མ་སྐྱེས་གནས་མཇལ་གཉིས། །ཕན་ཡོན་མི་ཤེས་སྐོར་བ་གསུམ། །ཟ་འདོད་བསྙད་ཚོལ་ཁྲམ་པ་བཞི། །བསམ་བློ་མ་བཏང་སྐོར་རྒྱུག་ལྔ། །གནས་སྐོར་འདྲ་སྟེ་གནས་སྐོར་མིན། །ཞེས་གསུངས་པ་ལྟར་རོ། །^p194

གསུམ་པ་འཇམ་དཔལ་དབྱངས་དང་འབྲེལ་བའི་བྱ་བ་གང་བྱས་ཕན་ཡོན་ཆེ་ཚུལ་གྱི་སྒོ་ནས་བརྩམས་ཚུལ་མཇུག་བསྡུ་བ་ལ། ཕན་ཡོན་དངོས་དང༌། ཞར་བྱུང་བརྩམས་ཚུལ་གྱིས་མཇུག་བསྡུ་བ་གཉིས་ལས། དང་པོ། འཇམ་དཔལ་གཞོན་ནུ་རྟག་ཏུ་བཞུགས་པའི་དག་ཞིང་འདིར་སོན་ན་ཕན་ཡོན་ཆེ་སྟེ། དེའང་ཚུལ་ཁྲིམས་རྣམ་པར་དག་པ་བསྲུངས་ནས་ཕྱོགས་བཅུའི་ཞིང་རབ་འབྱམས་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་གསེར་དངུལ་སོགས་རིན་པོ་ཆེ་སྣ་བདུན་གྱིས་སངས་རྒྱས་རེ་རེ་བཞིན་བསྐལ་བ་ནས་བསྐལ་བའི་བར་དུ་མཆོད་པར་བྱས་པ་དང་། དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་སྦྱིན་པ་བྱིན་པ་བས་ནི། རྗེ་བཙུན་འཇམ་དཔལ་གཞོན་ནུའི་རྗེས་སུ་བསླབ་པར་བྱའོ་སྙམ་དུ་རྒྱ་ནག་རི་བོ་རྩེ་ལྔའི་ཕྱོགས་སུ་གོམ་བདུན་བོར་བའི་ཕན་ཡོན་སྔ་མ་ལས་བརྒྱ་སྟོང་འབུམ་འགྱུར་དུ་ཆེ་བར་གསུངས་ན། དངོས་སུ་འདིར་འོངས་ནས་སྨོན་ལམ་རྣམ་དག་བཏབ་པའི་ཕན་ཡོན་བསམ་གྱིས་མི་ཁྱབ་པར་སྨོས་ཅི་དགོས་ཏེ། དེ་ལྟར་ཡང་འཇམ་དཔལ་ཞིང་གི་ཡོན་ཏན་བསྟན་པའི་མདོ་ལས། དེ་བཞིན་གཤེགས་པ་སྤྱན་སྒྲིབ་པ་མེད་པས་ཕྱོགས་བཅུར་སངས་རྒྱས་ཀྱི་ཞིང་ཇི་སྙེད་གཟིགས་པ་དེ་ཐམས་ཅད་རིན་ཆེན་སྣ་བདུན་གྱིས་བཀང་སྟེ། དེ་བཞིན་གཤེགས་པ་རེ་རེ་ལ་ཕུལ་བ་དང་དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་སྙོམས་པའི་སེམས་ཀྱིས་ཚུལ་ཁྲིམས་ཀྱི་སྡོམ་པ་ཐམས་ཅད་ཡང་དག་པར་བླངས་བ་ལ་གནས་ཏེ་ཕྱི་མའི་མཐར་ཐུག་གི་བར་དུ་སྦྱིན་པ་བྱིན་པ་བས། འཇམ་དཔལ་གཞོན་ནུར་གྱུར་པའི་རྗེས་སུ་བསླབ་པར་བྱའོ་ཞེས་བྱ་བའི་བར་དུ་སེམས་བསྐྱེད་ཅིང་གོམ་བདུན་འདོར་ན། བསོད་ནམས་ཀྱི་ཕུང་པོ་སྔ་མ་བརྒྱའི་ཆ་ནས་དཔེ་དང་རྒྱུར་ཡང་མི་བཟོད། ཅེས་གསུངས། དེ་བཞིན་འཇམ་དཔལ་གྱི་མིང་ཙམ་དྲན་པའི་ཕན་ཡོན་ཡང༌། འཇམ་དཔལ་རྩ་བའི་རྟོགས་པ་ལས། འཇམ་དཔལ་ཞེས་བྱ་ཁྱོད་ཀྱི་མིང་དྲན་པ། །ཡོན་ཏན་བསམ་མི་ཁྱབ་ཅེས་རྒྱལ་བས་གསུངས། །ཞེས་དང༌།^p195

འཇམ་དཔལ་རྩ་རྒྱུད་ལས་ཀྱང༌། གང་གིས་དྲན་པ་ཙམ་གྱིས་ཀྱང༌། །སངས་རྒྱས་ཉིད་དུ་ངེས་འགྱུར་བ། །ཞེས་དང༌། ཡང་འཇམ་དཔལ་སྒྲུབ་པ་ཙམ་གྱིས་བྱིན་རླབས་འཇུག་ཚུལ་ཡང༌། རྡོ་རྗེ་སྙིང་པོའི་རྒྱན་གྱི་རྒྱུད་ལས། སངས་རྒྱས་རྣམས་ཀྱི་ཡེ་ཤེས་མཆོག །འཇམ་པའི་དབྱངས་ཞེས་རབ་ཏུ་གྲགས། །འདི་ནི་སྒྲུབ་པ་ཙམ་གྱིས་ཀྱང༌། །ཤེས་རབ་དྲི་མ་མེད་པར་འགྱུར། །ཞེས་སོ། །^p196

དེ་བཞིན་འཇམ་དཔལ་གཞོན་ནུའི་མཚན་ཙམ་བརྗོད་པའི་ཕན་ཡོན་ཡང༌། འཇམ་དཔལ་ཞིང་གི་ཡོན་ཏན་བཀོད་པ་ལས། གང་གིས་སངས་རྒྱས་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་གྱི་མཚན་བརྗོད་པ་བས་ནི་འཇམ་དཔལ་གཞོན་ནུར་གྱུར་བའི་མིང་བརྗོད་ན་འདི་ཉིད་དེ་བས་བསོད་ནམས་མང་དུ་བསྐྱེད་ན། དེ་བཞིན་གཤེགས་པ་ཀུན་ཏུ་གཟིགས་ཀྱི་མཚན་བརྗོད་པ་ལྟ་ཡང་ཅི་དགོས། དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་གཞོན་ནུར་གྱུར་པས་བསྐལ་བ་རེ་རེར་སེམས་ཅན་གྱི་དོན་ཇི་སྙེད་བྱས་པའི་དོན་དེ་ནི་སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་གྱིས་ཀྱང་མ་མཛད་དོ། །ཞེས་དང༌། ཡང་མདོ་ལས། དེ་བཞིན་གཤེགས་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་མཚན་བསྐལ་པའམ་བསྐལ་པ་ལས་ལྷག་པར་བརྗོད་པ་ལས། སྐྱེས་བུ་གང་ཞིག་གིས་འཇམ་དཔལ་ཞེས་བརྗོད་ན་དེ་ཉིད་དེ་བས་བསོད་ནམས་ཆེན་པོར་འགྱུར་རོ། །ཞེས་གསུངས་པ་ལྟར་རོ། །འཇམ་དཔལ་དགོངས་པ་འདུས་པ་ལས་ཀྱང༌། འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི། །མིང་ནི་ཡང་དག་བརྗོད་པའི་མཆོག །དག་པར་བྱེད་ཅིང་སྡིག་སེལ་བ། །ཞེས་སོགས་མང་དུ་གསུངས་སོ། །^p197

མདོར་ན་གནས་འདིར་ཐོན་པ་ཙམ་གྱིས་རང་བཞིན་དང་བཅས་པའི་སྡིག་ལྟུང་ཐམས་ཅད་ལྷག་མེད་དུ་བྱང་བའམ། སྐྱེས་ནས་མྱོང་འགྱུར་གྱི་ལས་རྣམས་ཀྱང་དར་གྱི་ཕོ་ལུང་ས་ལ་བརྡབ་པ་ཙམ་གྱི་ཡུན་ལས་སྡུག་བསྔལ་མྱོང་མི་དགོས་པར་འགྱུར་ཞིང༌། འཇམ་དཔལ་དབྱངས་ཀྱི་བྱིན་རླབས་རྒྱུད་ལ་ཞུགས་ནས་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་གྱི་ཤེས་རབ་ཇི་ལྟར་ནགས་ལ་མེ་མཆེད་པ་བཞིན་སྔར་ལས་ལྷག་པར་འབར་ཏེ། རྒྱལ་བསྟན་འཛིན་སྐྱོང་སྤེལ་བ་ལ་དབང་འབྱོར་བ་སོགས་ཕན་ཡོན་བསམ་མི་ཁྱབ་པར་གསུངས་སོ། །^p198

གཉིས་པ་ཞར་བྱུང་བརྩམ་ཚུལ་གྱིས་མཇུག་བསྡུ་བ་ཡང༌། བཀའ་དྲིན་མཚུངས་མེད་སྐྱབས་རྗེ་ཡིད་བཞིན་ནོར་བུ་དོན་གྱི་སླད་དུ་གུས་པས་མཚན་ནས་སྨོས་ན་རྒྱལ་བའི་ལུང་ཟིན་༧འཇིགས་མེད་ཕུན་ཚོགས་འབྱུང་གནས་གང་གི་ཚད་མེད་ཐུགས་རྗེའི་གདུགས་དཀར་གྱི་བསིལ་གྲིབ་འོག ཞིང་ཁམས་འདིར་ཟག་བཅས་ཀྱི་སྒྱུ་ལུས་མ་སྤངས་བཞིན་དུ་ཁུ་བྱུག་གཞོན་ནུས་མགྲིན་གླུ་སྙན་མོ་བར་མེད་དུ་སྒྲོག་པའི་དུས་སུ། ཞག་བརྒྱ་ཕྲག་ལྷག་གི་ཡུན་ལ་ཀློང་ཆེན་མཛོད་བདུན་སོགས་དབང་ལུང་མན་ངག་གི་བདུད་རྩི་ལ་བར་མེད་དུ་རོལ་ཞིང༌། དགེ་འདུན་སྟོང་ཕྲག་མང་པོ་དང་མཉམ་དུ་གནས་འབྲེལ་དང་ཟབ་རྒྱས་ཀྱི་སྨོན་ལམ་བཏབ་པ་སོགས་ལུགས་གཉིས་ཀྱི་བྱ་བ་ཐམས་ཅད་བདེ་བླག་ཏུ་གྲུབ་ནས་དགའ་བདེའི་ངང་གནས་ཚུལ་ཡང་རྗེ་ཉིད་ཀྱིས་འདི་ལྟར་གསུངས་ཏེ། སྤྲུལ་པའི་ཞིང་མཆོག་རི་བོ་རྩེ་ལྔའི་གནས་འདིར། །ཁྲི་ཕྲག་འཁོར་གྱིས་བསྐོར་བ་འཇམ་དཔལ་དཔའ་བོས། །དཔག་ཡས་སྒྱུ་འཕྲུལ་བཀོད་པ་ལྷམ་མེར་ངོམས་ནས། །སྐལ་ལྡན་དགའ་བའི་དགའ་སྟོན་ཆད་མེད་བསྙིལ་སོང༌། །གནས་འདིར་སོན་པ་ཙམ་གྱིས་སྡིག་ལྟུང་འདག་ཅེས། །དྲང་སྲོང་རྒན་པོའི་བདེན་གཏམ་རྣ་བར་སོན་ཚེ། །དགའ་བས་བརླན་པའི་མིག་ནས་སྦྲང་ཆར་འབེབས་དང༌། །ཆབས་ཅིག་ལུས་ཀྱི་བ་སྤུའི་གར་སྟབས་བསྒྱུར་སོང༌། །དད་ལྡན་བོད་རིགས་ཁྲི་ཕྲག་མཉམ་དུ་འཛོམས་ནས། །ཕྱག་མཆོད་སྨོན་ལམ་ཟབ་མོ་རྒྱ་ཆེར་བྱས་པས། །རིང་མིན་རང་སྣང་ཞིང་དུ་སྟོན་འཁོར་བཀོད་པ། །ཚོམ་བུ་གཅིག་ཏུ་འཚོགས་པའི་རྟེན་འབྲེལ་འགྲིགས་སོང༌། །འུ་ཅག་ད་ནས་ཚེ་རབས་ཕྲེང་བ་ཀུན་ཏུ། །ཕ་གཅིག་འཇམ་དཔལ་གཞོན་ནུར་སྤྱི་བོས་བཀུར་བཞིན། །སྲིད་པ་སྒྱུ་མའི་གྲོང་ལ་ལྟད་མོ་བྱས་ཏེ། །མར་གྱུར་འགྲོ་ཀུན་འདྲེན་པའི་ས་བོན་ཐེབ་སོང༌། །མཁྱེན་པའི་རང་གཟུགས་ལྷག་པའི་ལྷ་རུ་ཐོབ་ཕྱིར། །རྒྱལ་གསུང་ཆོས་ཚུལ་དྲི་བྲལ་ཟག་མེད་བདུད་རྩི། །མ་ལུས་གཟུངས་སྤོབས་བློ་ཡི་བུམ་པར་བསྐྱིལ་ལ། །དཀའ་བ་མེད་པའི་སྐལ་བ་བཟང་པོ་ཐོབ་སོང༌། །ཡར་ལ་ལྟོས་དང་འཇའ་འོད་སྤྲིན་གྱི་བཀོད་པ། །ངལ་བས་བསྒྲུབས་དང་ཚོན་རྩིའི་བྱུག་ལས་མཛེས་པའི། །ལྷ་སྐུ་ཡིག་འབྲུ་ཕྱག་མཚན་འབྱམས་སུ་ཀླས་པ། །འཇམ་དཔལ་གཞོན་ནུའི་རང་རྩལ་མངོན་སུམ་མཐོང་སོང༌། །ཕར་ལ་ལྟོས་དང་རི་གླིང་རྩི་ཤིང་མེ་ཏོག །འཇམ་དཔལ་དཔའ་བོའི་རྫོགས་སྨིན་སྦྱངས་པའི་རང་གཟུགས། །དགའ་ལྡན་འཕྲུལ་དགའི་ཡུལ་ཁམས་མོག་པོར་བྱེད་པའི། །དག་པའི་ཞིང་འདིར་ལུས་མ་སྤངས་བར་སླེབས་སོང༌། །མར་ལ་ལྟོས་དང་ཞིང་འདིའི་སྐྱེ་བོའི་ཚོགས་རྣམས། །ཚེ་འདིའི་སྣང་ཤས་ཞེན་པ་རྒྱང་དུ་བསྐྲད་དེ། །དད་དང་སྙིང་བརྩེའི་རང་གཤིས་གསལ་བར་ངོམ་པའི། །ཟུར་ཕུད་ལྔ་པའི་གདུལ་བྱ་གསལ་བར་མཐོང་སོང༌། །ཚུར་ལྟོས་རང་སེམས་འཇའ་ཚོན་འདྲ་བ་འདི་ཀོ །བཙལ་བས་མི་རྙེད་བཞག་ན་ས་ལེར་གསལ་བ། །རང་དང་ཡུན་རིང་འགྲོགས་པའི་འཇམ་དཔལ་གཞོན་ནུ། །མཇལ་མ་མྱོང་བ་དེ་རིང་གསལ་བོར་མཇལ་སོང༌། །སྡུག་འབད་དཔྱད་པའི་ཁུར་གྱིས་ནོན་པ་མེད་པར། །སྙིང་དབུས་མི་ཤིགས་གཞོན་ནུ་བུམ་སྐུའི་ཞིང་དུ། །རང་རིག་འཇམ་དཔལ་སྟོན་འཁོར་མཉམ་དུ་འཚོགས་ཚེ། །ལེགས་བཤད་ཆོས་ཀྱི་དགའ་སྟོན་འགྲོ་ལ་འགྱེད་སོང༌། །དག་པའི་ཞིང་འདིར་དག་པའི་སེམས་དཔའི་སྤྱོད་པས། །ཟབ་རྒྱས་གཏམ་གྱིས་ཐར་འདོད་ཡིད་དགའ་སྤེལ་འདི། །རྨི་ལམ་དུ་ཡང་རྙེད་མ་མྱོང་བའི་སྣང་བ། །རང་ཅག་དཔོན་སློབ་ཀུན་གྱིས་མཉམ་དུ་རྙེད་སོང༌། །ད་ནི་བག་མེད་ཁོ་ནས་སྐྱིད་ཉལ་བྱས་ཀྱང༌། །དག་པའི་ཞིང་དང་ལྷ་ལ་འབྲེལ་བ་བཞག་ཡོད། །རྣམ་དག་སེམས་ཀྱིས་སྨོན་ལམ་རྒྱ་ཆེར་བཏབ་ཕྱིར། །བདེ་ནས་བདེ་བར་འགྲོ་བའི་གདེང་ཆེན་རྙེད་སོང༌། །གསོན་ཡང་དགའ་སྟེ་བསྟན་འགྲོའི་དོན་ཆེན་འགྲུབ་འདུག །ཤི་ཡང་དགའ་སྟེ་བདེ་ལྡན་ཞིང་དུ་འགྲོ་ངེས། །ཇི་ལྟར་བྱས་ཀྱང་བདེ་དགའི་ངང་དུ་འདུག་པ། །འཇམ་དཔལ་ཡེ་ཤེས་སེམས་དཔའི་བཀའ་དྲིན་ཡིན་ནོ། །བཀའ་དྲིན་གཟོ་ཕྱིར་ནམ་མཁའ་ཇི་སྲིད་བར་དུ། །མཐའ་ཀླས་འགྲོ་ལ་ཕན་བདེའི་དོན་ཆེན་སྒྲུབ་པར། །ཞུམ་པ་མེད་པའི་དམ་བཅའ་སྙིང་ནས་བྱེད་ན། །ཡབ་གཅིག་ཁྱོད་ཀྱི་བྱིན་རླབས་ནུས་མཐུ་སྩོལ་ཤོག །ཅེས་ངག་དབང་བློ་གྲོས་མཚུངས་མེད་པས་སྲེད་མེད་བུའི་བྲག་ཕུག་ག་ལ་བར་ཉམས་མཚར་དུ་སྨྲས་པའོ། །ཞེས་གསུངས་པ་ལྟར་རོ། །^p199

དེས་ན་གནས་བཤད་འདི་ནི་དེ་དག་གི་རིང་ལ། བོད་ཀྱི་འཇམ་དཔལ་ཞིང་བསྟན་དང་སྡོང་བཀོད་སོགས་ཉེ་སྲས་བརྒྱད་ཀྱི་རྟོགས་བརྗོད་ལས་བྱུང་བ་དང༌། རྙིང་མ་རྒྱུད་འབུམ་སྐོར། རྒྱ་ནག་ཆོས་འབྱུང༌། ལྕང་སྐྱའི་གནས་ཡིག ས་སྐྱ་བའི་ལྷུན་པོ་བཀོད་པའི་རྒྱན་སོགས་དང༌། རྒྱ་ནག་གི་མདོ་ཕལ་པོ་ཆེ། དྭངས་བསིལ་རི་བོའི་རྣམ་བཤད་གསར་རྙིང་གཉིས་དང༌། རི་བོ་རྩེ་ལྔའི་ལོ་རྒྱུས། རི་བོ་རྩེ་ལྔའི་སྔོན་རབས་གཏམ་རྒྱུད། རི་བོ་རྩེ་ལྔའི་དགོན་པའི་ལོ་རྒྱུས། གནས་བསྟོད་ཀྱི་སྙན་ངག་ཕྱོགས་བསྡུས། རི་བོ་རྩེ་ལྔའི་གནས་མཇལ་མཛུབ་སྟོན་པོ་ཏི་གཉིས། རི་བོ་རྩེ་ལྔའི་ཡུལ་ལྗོངས་གཏམ་རྒྱུད། རི་བོ་རྩེ་ལྔའི་ཞིབ་འཇུག་དཔེ་དེབ། རི་བོ་རྩེ་ལྔའི་ངོ་མཚར་གནས་བཤད།^p200

གཞན་ཡང་དགོན་པ་སོ་སོའི་དཀར་ཆག་སོགས་ད་ལྟ་བཞུགས་པའི་གནས་ཡིག་བཅུ་ཕྲག་ལྷག་ལ་ཞིབ་ཏུ་བལྟས་ཏེ་གནས་བྱིན་རླབས་ཅན་ཕལ་ཆེར་ད་སྐབས་ཡོད་མེད་སོགས་དངོས་སུ་བལྟར་ཕྱིན་ནས་གྲགས་ཆེ་བའི་གླེང་གཞིའམ་གཏམ་རྒྱུད་ངོ་མཚར་ཅན་རྣམས་བོད་སྐད་དུ་བསྒྱུར་ནས་ཡིད་རྟོན་འོས་པའི་ཁུངས་དག་ཁོ་ན་ཕྱོགས་གཅིག་ཏུ་བཀོད་པའོ། །དེ་ལྟར་ཞར་བྱུང་དང་བཅས་པ་རགས་བསྡུས་ཙམ་སྨོས་ཟིན་ནས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞིང་ཁམས་རྒྱ་ནག་རི་བོ་རྩེ་ལྔའི་གནས་བཤད་མཐོང་བ་དོན་ལྡན་ཞེས་བྱ་བ་རྫོགས་སོ། །^p201

སླར་སྨྲས་པ། དེ་སྐད་ཅུང་ཟད་སྨྲ་བའི་སྤོབས་པ་ཡང༌། ། འཇམ་མགོན་བླ་མའི་བྱིན་རླབས་ཁོ་ནས་ཡིན། །མ་རྟོགས་ནོངས་པའི་འགལ་འཁྲུལ་ཅི་མཆིས་པ། །ཡེ་ཤེས་སྤྱན་ལྡན་ཚོགས་ལ་སྙིང་ནས་འཆགས། །རྒྱ་ནག་རི་བོ་རྩེ་ལྔའི་ཞིང་མཆོག་གི །ཡ་མཚན་གནས་ཀྱི་བཀོད་པ་ཇི་འདྲ་ཞེས། །བླུན་པོ་རྫུན་གཏམ་ཅན་ལ་འདྲི་བ་ལས། །འདི་ཉིད་འཕགས་སྙམ་ཁུངས་ལྡན་དག་ལས་བཏུས། །རྒྱ་བོད་ཡིག་རིགས་ཐུགས་སུ་ཆུབ་པ་ཡི། །མཁས་པ་རྣམས་ལ་འདི་ཉིད་མི་དགོས་མོད། །དེ་ལྟར་མ་སྦྱངས་མི་ཤེས་འགའ་རེ་ལ། །ཕན་པ་སྲིད་སྙམ་ཡི་གེར་བཀོད་པ་ལགས། །རྗོད་བྱེད་ཚིག་ལ་སྙན་ཆ་མེད་མོད་ཀྱང༌། །བརྗོད་བྱའི་དོན་རྣམས་རང་བཟོའི་དྲི་མས་དབེན། །གནས་ཡིག་ཕལ་ཆེར་བསྡུས་དང་གོ་དཀའ་བས། །གྲོང་བའི་སྐད་ཀྱིས་གནས་བཤད་འདི་བགྱིས་སོ། །འདིས་མཚོན་རྣམ་དཀར་ཟླ་བའི་འོད་ཕྲེང་གིས། །ཉམ་ཐག་འགྲོ་བའི་ཚ་གདུང་ཡོངས་ཕྲོག་ནས། །འཇམ་དཔལ་གཞོན་ནུས་ཚེ་རབས་རྗེས་བཟུང་ཞིང༌། །མཐར་ཐུག་བདེ་ཆེན་ཞིང་དུ་སྐྱེ་བར་སྨོན། །བདག་ཀྱང་དེང་ནས་ཚེ་རབས་ཕྲེང་བ་རུ། །བརྟན་པའི་འཁོར་ལོ་བཤེས་གཉེན་གར་འཛིན་པ། །མི་ཕམ་རྗེ་དང་འཇམ་མགོན་བླ་མའི་ཞབས། །སྤྱི་བོས་བཀུར་བཞིན་གཞན་དོན་བསྒྲུབ་ལ་སྨོན། །^p202

ཞེས་པ་འདིའང་བཀའ་དྲིན་མཚུངས་པ་མེད་པའི་བླ་མ་དམ་པ་མཁན་ཏེ་པ་མཆོག་གི་ཞལ་སྔ་ནས་གནས་འདིའི་གླེང་གཞི་ངོ་མཚར་ཅན་རྣམས་བོད་སྐད་དུ་བསྒྱུར་ན་ལེགས་ཞེས་པའི་བཀའ་གསུང་གི་མེ་ཏོག་སྤྱི་བོར་བཀུར་ཞིང་། རང་ཉིད་ཀྱང་དག་པའི་ཞིང་ཁམས་འདིར་འཇམ་དཔལ་གྱི་རྟོགས་བརྗོད་ལ་བག་ཆགས་བཞག་ན་ཕན་ཡོན་ཆེ་བར་དམིགས་ནས། རྒྱ་ནག་རི་བོ་རྩེ་ལྔ་ནས་སླར་བསིལ་ལྗོངས་སུ་འོང་རན་པའི་དུས་སུ་ལྷོ་རི་མདངས་བཟང་བཀྲ་བའི་ཉེ་འདབས་དྭངས་བསིལ་རྡོ་ཡི་གླིང་དུ་དབྱར་ཟླ་ཐ་ཆུང་གི་ཚེས་བཅུ་ལ་འཇམ་དཔལ་རྒྱུད་ལུགས་ཀྱི་ཚོགས་མཆོད་རྒྱ་ཆེན་པོ་ཕུལ་ཚེ། ནམ་མཁའི་ཁམས་ཐམས་ཅད་འཇམ་དཔལ་གྱི་རྣམ་འཕྲུལ་ཤིན་ཏུ་ཡངས་བའི་འོད་སོགས་འོད་ཟེར་བཅུ་ཕྲག་བཤད་པའི་ཁ་དོག་སྣ་ལྔའི་འཇའ་ཟེར་གྱིས་བར་མེད་དུ་ཁྱབ་པ་སོགས་ངོ་མཚར་བའི་རྟགས་མཚན་སྣ་ཚོགས་བྱུང་བ་ན། སྐྱབས་རྗེ་ཉིད་ཀྱིས་གཙོས་འཁོར་བརྒྱ་ཕྲག་ལྔ་ལྷག་གིས་རང་རང་གི་སྐལ་བ་དང་འཚམ་པར་དག་པའི་གཟིགས་སྣང་སྣ་ཚོགས་བྱུང་བས་ཀུན་ཀྱང་དད་སྤྲོའི་གཞན་དབང་དུ་གྱུར་བའི་ཉིན་གུང་གི་དུས་སུ། ཡིད་འོང་འཇམ་དཔལ་མེ་ཏོག་འཛུམ་པའི་ཚལ་ནས་མདོ་གྲྭ་བསོད་དར་རྒྱས་ཀྱིས་མཇུག་རྫོགས་པར་སྦྱར་བའོ། །སྤྱི་ལོ་༡༩༨༧ལོའི་ཟླ་༨ཚེས་༢༣ལའོ། །ཕྱིས་སུ་ཤར་ཕྱོགས་གནས་རྫོང་ཕྱུག་མོའི་འཇམ་དཔལ་གནས་རི་བྱིན་རླབས་ཅན་གྱི་འདབས་བཀྲ་ཤིས་ཆོས་གླིང་དགོན་པ་ནས་འཕྲི་སྣོན་ཅུང་ཟད་བགྱིས་ཏེ་བཀོད་པ་དགེའོ།། །།^p203

颂词
དམར་སེར་ཉི་མ་གཞོན་ནུའི་ལང་ཚོ་ལ། །མཚན་དཔེ་འོད་སྟོང་འཛུམ་པའི་འཇོ་སྒེག་ཅན། །རྒྱལ་ཀུན་ཡེ་ཤེས་ཕུང་པོ་མི་ཡི་གར། །མི་ཕམ་འཇམ་པའི་དབྱངས་ཀྱིས་ཤིས་པ་སྩོལ། །ཁྱད་པར་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི། །གསང་གསུམ་ཡོན་ཏན་གཅིག་ཏུ་སྤུངས་བའི་དཔྱིད། །བཀའ་དྲིན་མཚུངས་མེད་འཇམ་མགོན་བླ་མ་ཡི། །ཞབས་རྡུལ་དྲི་མེད་སྤྱི་གཙུག་རྒྱན་དུ་ལེན། །ལན་གཅིག་ཐོས་དང་དྲན་པ་ཙམ་གྱིས་ཀྱང༌། །སྲིད་པའི་གདུང་འཕྲོག་སྤྲུལ་བའི་ཞིང་མཆོག་གི །ཡ་མཚན་བཀོད་པ་བདུད་རྩིའི་ཆུ་མཚོ་ལས། །རྩྭ་རྩེའི་ཟེགས་མ་ཙམ་ཞིག་འདི་རུ་འགོད། །